བྱིས་པའི་ཚ་སེལ་སྨན་བཅོས་བྱེད་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-13   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

སྨན་གྱིས་བཅོ་ཐབས།

      གཅིག སྔོན་ལ་ནོར་བུ་བདུན་ཐང་སོགས་བཏང་ནས་ཚ་བ་སྨིན་པ་དང་སྡུད་པ། རང་བཞིན་གྱིས་ཞི་ནུས་པར་བྱ་དགོས་པ་དང་། རྗེས་སུ་ཀྲི་ཀ་ཧན་དང་གཅིག་ཤེས་ཀུན་གྲོལ། ད་དུང་ཅུ་གང་བརྒྱད་པ། ག་བུར་དྲུག་པ་སོགས་བཏང་ནས་ཚ་བ་ཞི་བར་བྱེད་དགོས།
      གཉིས། ལུས་ཀྱི་དྲོད་ཚད་ཏུའུ་སོ་བརྒྱད་ལས་མཐོ་ན། གནས་ཚུལ་ལ་གཞིགས་ནས་ཐབས་སྣ་གཅིག་གམ་གཉིས་བཀོལ་ནས་དངོས་ལུགས་ཀྱིས་ཚ་དྲོད་མར་འབབ་པའི་ཐབས་བསྟེན་དགོས་པ་ལས། སྤྱིར་བཏང་གིས་ཚ་བ་སེལ་བའི་སྨན་མི་གཏོང་། ལུས་ཀྱི་དྲོད་ཚད་ཏུའུ་སོ་བརྒྱད་དང་གྲངས་ཆུང་ལྔ་ལས་མཐོ་ན་ཐོག་མར་དངོས་ལུགས་ཀྱིས་ཚ་བ་སེལ་དགོས་པ་དང་། མུ་མཐུད་ནས་ཚ་བ་རྒྱས་པ་དང་ཚ་བ་ཇེ་མཐོར་འགྲོ་ཚད་མགྱོགས་པ་ལ་རྒྱུན་དུ་དངོས་ལུགས་ཚ་སེལ་དང་སྨན་རྫས་ཚ་སེལ་གཉིས་ཀ་མཉམ་དུ་བཀོལ་དགོས།
ཟས་སྤྱོད་ཀྱིས་བཅོ་ཐབས།
      གཅིག ཆུ་ཁོལ་མང་དུ་འཐུང་བ། བྱིས་པ་ལ་ཚ་བ་རྒྱས་པའི་སྐབས་སུ་ལུས་ནས་རྔུལ་ཆུ་མང་པོ་འབྱུང་ལ་ལུས་ཆུ་ངེས་ཅན་ཞིག་ཟད་འགྲོ་བས། ཆུ་ཁོལ་མང་པོ་འཐུངས་ན་ལུས་ཀྱི་ཚ་བ་ཡོངས་སུ་སྨིན་ཞིང་མར་འབབ་པའི་ནུས་པ་ཡོད་ལ། ལུས་ཀྱི་ཆུ་ཁམས་གསོ་ཞིང་ཁ་སྐོམ་པ་སེལ་ཐུབ། ད་དུང་རྩ་ལམ་བརྒྱུད་ནས་ལུས་ཀྱི་ནད་དུག་ཕྱིར་འདྲེན་པའི་ནུས་པ་ཡོད།
      གཉིས། སྐྱ་ཟས་བསྟེན་པ། ལུས་ཚ་རྒྱས་པའི་སྐབས་སུ་འཇུ་བྱེད་མ་ལག་གི་བྱེད་ནུས་འཁྲུགས་པའི་རྐྱེན་གྱིས་ཕོ་བ་དང་རྒྱུ་མའི་འགུལ་སྐྱོད་དལ་བ་དང་། རྒྱུན་དུ་ཟས་ཀྱི་ཡི་ག་ཞན་པར་འགྱུར་བས་ཁ་ཟས་ལ་སྐྱ་ཟས་སམ་ཁམས་དང་མཐུན་པ། སྣུམ་མི་ཆེ་བའི་ཟས་རིགས་གཙོ་བོར་བསྟེན་དགོས། དཔེར་ན། འོ་མ་དང་འབྲས་ཁུ། རྩམ་ཁུ་སོགས་འཐུངས་ན་འཇུ་སླ་ཞིང་ཟས་ཀྱི་ཡི་ག་འབྱེད་ཐུབ། ད་དུང་སྲན་སྔོན་གྱི་ཁུ་བ་དང་ཆུ་ཀུབ་ཀྱི་ཁུ་བ་སོགས་བསྟེན་ན་ཚ་བ་སེལ་བ་དང་གཅིན་འབབ་པར་རམ་འདེགས་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་ཐུབ།
      གསུམ། རོ་ཚ་བ་དང་སྣུམ་ཅན་གྱི་རིགས་མི་བསྟེན་པ། བྱིས་པའི་ལུས་ཀྱི་ཚ་བ་མཐོ་བའི་སྐབས་སུ་ལུས་ཁམས་ཀྱི་བརྗེ་ཚབ་ཅུང་རྒྱས་ཡོད། གལ་ཏེ་ད་དུང་སྒ་རློན་དང་སྒོག་པ། སུར་པན་སོགས་ངོ་བོ་དྲོ་ལ་རོ་ཚ་བའི་རིགས་བསྟེན་ན་ལྷག་ཏུ་ཚ་བ་རྒྱས་པ་དང་ནད་ཚབས་ཇེ་སྡུག་ཏུ་འགྲོ་བ་ལས། ཚ་བ་ཞི་བར་ཕན་པ་མེད། སྣུམ་ཆེ་བ་དང་ཚིལ་ཆེ་བའི་ཟས་རིགས་ཏེ། དཔེར་ན། ཕག་ཤ་དང་སྣུམ་བཙོས་ཟས་རིགས། སྤྲི་གོར་སོགས་བསྟེན་རྗེས་བྱིས་པ་ལ་མ་ཞུ་བ་བྱུང་ནས་ཁོག་པ་བཤལ་བ་དང་ཡི་ག་ཉམས་པ་སོགས་མི་ལེགས་པའི་ནད་རྟགས་མངོན། ད་དུང་ནད་བབ་ཇེ་སྡུག་ཏུ་གཏོང་ངེས་ཡིན།
      བཞི། སྤང་དགོས་པའི་ཟས། འཁྱགས་ཞོ་དང་འོ་དར། འཁྱགས་རོམ། རླངས་ཆུ་སོགས་འཁྱགས་ཟས་རིགས་ཀྱིས་ཕོ་བ་མྱུར་དུ་བསྐུམ་པར་བྱེད་པ་དང་། བྱིས་པར་ཡི་ག་མེད་པ་དང་མ་ཞུ་བ་སོགས་འབྱུང་སླ་བར་མ་ཟད། ནད་བབ་ཇེ་སྡུག་ཏུ་གཏོང་ངེས་རེད།
      ལྔ། བཙན་གྱིས་བཟའ་རུ་འཇུག་མི་རུང་། བྱིས་པར་ཚ་བ་རྒྱས་པའི་སྐབས་སུ་ཟས་བཅུད་ཁ་སྣོན་བྱེད་པའི་ཆེད་དུ་ཁྱིམ་བདག་མང་ཆེ་བས་ཡི་ག་མེད་པའི་བྱིས་པར་བཙན་གྱིས་ཟ་མ་བཟའ་རུ་འཇུག་བཞིན་ཡོད། བྱེད་ཐབས་དེས་བྱིས་པའི་ཡི་ག་འབྱེད་མི་ཐུབ་པར་མ་ཟད། ད་དུང་ནད་བབ་ཇེ་སྡུག་ཏུ་གཏོང་ངེས། རྒྱུ་མཚན་ནི་དེའི་སྐབས་སུ་བྱིས་པའི་ཕོ་རྒྱུ་ཟགས་ཐོན་གྱི་འཇུ་ཁུ་ལ་ཚོད་འཛིན་བྱུང་ཡོད་པས་ཕོ་རྒྱུའི་ནུས་པ་ཉམས་པ་དང་། ཟས་ཀྱི་འཇུ་སྟོབས་དང་བཅུད་ལེན་ལ་གནོད་པ་ཐེབས་ཡོང་། དེ་བས་བྱིས་པའི་ཟས་ཀྱི་ཡི་ག་ཇེ་ཞན་དུ་འགྱུར་བ་དང་། ཐ་ན་བཤལ་སྐྱུགས་སོགས་ཀྱི་ནད་རྟགས་ཀྱང་མངོན་པ་རེད། །