2021ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཡོངས་བསྒྲགས་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-06   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    ས་གནས་དེ་གའི་སྤྱི་ཟླ10ཚེས4ཉིན། སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོའི་ཁ་རོ་ལིན་གསོ་རིག་གླིང་དུ་ནོ་པེར་བྱ་དགའི་ཨུ་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཡིག་ཆེན་མོ་ཐོ་མ་སི·ཕེར་མེན་གྱིས། སྤྱི་ལོ2021ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཏེ་ཝེ·ཀྲུའུ་ལེ་ཡེ་སི་དང་ཨ་ཏེང·ཕ་ཐ་ཕུའུ་ཏེ་ཨན་གཉིས་ལ་སྤྲད་ནས། ཁོང་ཚོས“དྲོད་ཚད་དང་རེག་པ་ཚོར་བྱེད་དབང་རྩའི་མཇུག་སྣེ་གསར་རྙེད”ཐད་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་གནང་རྒྱུ་ཡིན་པ་དང་། བྱ་དགའ་ཐོབ་མཁན་གཉིས་ཀྱིས་སུའེ་ཏེན་གྱི་སྒོར་ཁྲི1000ཡི་བྱ་དགའི་དངུལ་མཉམ་སྤྱོད་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།

     ཏེ་ཝེ·ཀྲུའུ་ལེ་ཡེ་སི(David Julius)ནི་ཨ་རིའི་ལུས་ཁམས་རིག་པ་བ་ཞིག་ཡིན། ཁོང་ནི་ཁ་ལི་ཧྥོར་ཉི་ཡ་སློབ་ཆེན་ཅུས་ཅིན་ཧྲན་ཡན་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་བ་ཡིན་ཞིང་། དེ་སྔོན་ཧྲའོ་དབྱི་ཧྥུ་ཚེ་སྲོག་ཚན་རིག་དང་གསོ་རིག་གི་བྱ་དགའ་ཐོབ་མྱོང་ཡོད།

     ཨ་ཏེང·ཕ་ཐ་ཕུའུ་ཏེ་ཨན(Ardem Patapoutian)ནི་ཡ་མེ་ཉི་ཡའི་མི་ཡིན་ཞིང་། སྐྱེས་རྡུལ་སྐྱེ་དངོས་རིག་པ་བ་དང་དབང་རྩ་རིག་པ་བ་ཡིན། ཨ་རིའི་ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་ལ་ཧོར་ཡ་སི་ཁེ་ལི་ཕུའུ་སི་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་གི་ཡོད།