འཇོལ་གྱིས་གུང་གསེང་རིང་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྣ་མང་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་2ཉིན་གྱི་སྔ་དྲོ།འཇོལ་རྫོང་གི་2021ལོའི་ཡུལ་སྐོར་རྫོགས་ལྡན་གཟའ་འཁོར་གྱི་རིག་གནས་ཡུལ་སྐོར་བྱེད་སྒོ་དང་སྟོན་ཟླ་བཅུ་བར་ཁ་བ་དཀར་པོ་དང་དུས་ཆད་བྱས་ནས།གངས་འདབས་ནས་ཁྱེད་དང་འཕྲད་པ་ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་དགོན་པ་སྟེང་མཛེས་ལྗོངས་སྟེགས་བུའི་ཐོག་དངོས་སུ་སྤེལ་འགོ་ཚུགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་བྱེད་སྒོའི་དུས་ཡུན་ཉིན་5ཡིན་པ་དང་།མི་རིགས་ཀྱི་གྱོན་ཆས་འགྲེམས་སྟོན་དང་།མི་རིགས་ཀྱི་གླུ་གཞས་དགོང་ཚོགས། ཞིང་ལས་ཁྱད་ལྡན་ཐོན་རྫས་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་སོགས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པ་རེད།སྐོར་བྲོ་དང་།རས་པ།གཞས། ལ་གཞས་སོགས་འཇོལ་རྫོང་གི་ཁྱད་ལྡན་སྲོལ་རྒྱུན་གླུ་གར་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་བརྒྱུད།འོད་སྟོང་རབ་ཏུ་འཕྲོ་བའི་འཇོལ་རྫོང་གི་ལོ་རྒྱུས་རིག་གནས་དང་།དུས་ཡུན་རིང་པོའི་གངས་རིའི་རིག་གནས།ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་བཅས་གང་ལེགས་མངོན་ཡོད་པ་རེད།

        གར་སྟེགས་ཐོག་འཁྲབ་སྟོན་པས་སེམས་ནུས་ཡོད་རྒུས་འཁྲབ་སྟོན་བྱས་ནས་ཡུལ་དངོས་ཀྱི་ལྟད་མོ་བར་སྒྱུ་རྩལ་གྱི་གསོལ་སྟོན་ཞིག་བཤམས་པ་རེད། འཇོལ་རྫོང་གི་བུ་ཕྲུག་ཚོས་ལྷད་མེད་ཀྱི་བརྩེ་སེམས་གར་གྱི་སྟངས་སྟབས་ཀྱིས་ཏང་དང་མེས་རྒྱལ།མི་དམངས་བཅས་ལ་བཅངས་བའི་སྨོན་འདུན་བཟང་པོ་མཚོན་པ་མ་ཟད།འཇོལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་ངང་བསྔགས་བརྗོད་བྱས་ནས་ཏང་ལ་དགའ་ཞེན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བརྗོད་དོན་གཙོ་བོ་དར་སྤེལ་བཏང་ཡོད།