གཏན་འབེབས་གསར་པ་འདི་དག་ལག་བསྟར་བྱེད་འགོ་ཚུགས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-04   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

 

        གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་སྐོར་གྱི་བཅའ་ཁྲིམས》ཟླ་10ཚེས་1ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད་ཅིང་། བཅའ་ཁྲིམས་དེས་བྱང་ཚད་མཐོ་བའི་དམག་མི་བསྡུ་རུབ་བྱེད་ཤུགས་ཇེ་ཆེར་བཏང་ཡོད་ལ། མཐོ་རིམ་སློབ་གྲྭར་དམག་ཞུགས་ལས་དོན་སྒྲུབ་འགན་འཁུར་བའི་སྡེ་ཁག་ཡོད་དགོས་པ་དང་། ཞིབ་འཇུག་སློབ་མ་དམག་ནང་ཞུགས་པའི་ལོ་ཚད་དེ་ལོ་26ལ་བསྒྱུར་བ། དམག་ནང་ཞུགས་མཁན་གྱི་ཐོབ་ཐང་འགན་སྲུང་ལམ་ལུགས་ལེགས་སྒྱུར་བྱས་ཤིང་། འོས་འགན་དམག་མིས་དམག་དཔུང་ལས་ཞབས་ཞུ་སྒྲུབ་རིང་གི་སྤྱོད་ཚུལ་ཕུལ་དུ་བྱུང་བ་ཡིན་ན། ཆོག་མཆན་ཞུས་རྗེས་སྔ་སྣུར་དུ་ཅུན་ཧྲིར་འདེམས་ཆོག་པའི་གཏན་འབེབས་བྱས་ཡོད།

    《སྡོད་ཁང་བོགས་གཏོང་གི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ནི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱས་པ་རེད། 《སྤྱི་བསྒྲགས》ནང་སྡོད་ཁང་བོགས་གཏོང་ཁེ་ལས་ཀྱིས་མི་སྒེར་ལ་བོགས་གཏོང་བྱས་པའི་སྡོད་ཁང་ལ་སྟབས་བདེའི་ཁྲལ་བསྡུའི་བྱེད་ཐབས་སྤྱོད་དགོས་པ་དང་།5%ཡི་ཁྲལ་བསྡུའི་ཚད་གཞི་ལྟར་1.5%ཉུང་དུ་བཏང་སྟེ་རིན་ཐང་འཕར་མའི་ཁྲལ་བསྡུ་རྒྱུ་དང་། ཁེ་ལས་དང་བྱ་གཞག་སྡེ་ཚན་སོགས་ཀྱིས་མི་སྒེར་དང་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་སྡོད་ཁང་བོགས་གཏོང་ཁེ་ལས་ལ་སྡོད་ཁང་བོགས་མར་གཏོང་སྐབས་ཁྲལ་ཚད་4%ལྟར་ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་བསྡུ་བ་བཅས་གཏན་འཁེལ་བྱས་ཡོད།

    《རླངས་འཁོར་གྱི་གྲངས་གཞིའི་བདེ་འཇགས་དོ་དམ་སྐོར་གྱི་གཏན་འབེབས་འགའ(ཚོད་ལྟའི་ལག་བསྟར)》ནི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱས་ཡོད།  《གཏན་འབེབས》ནང་རླངས་འཁོར་གྱི་གྲངས་གཞི་ཐག་གཅོད་བྱེད་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འགན་འཁྲི་འཁུར་ནས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་ལེགས་བྱེད་དགོས་པ་དང་། མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་པར་རླངས་འཁོར་གྱི་གཞི་གྲངས་ཐག་གཅོད་བྱེད་མཁན་གྱིས་མི་སྒེར་ལ་འབྲེལ་ཡོད་ཆ་འཕྲིན་གསལ་བཤད་བྱས་ཏེ། མི་སྒེར་གྱི་མོས་མཐུན་ཐོབ་པའམ་ཡང་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་དང་མཐུན་དགོས་པ་བསྟན་ཡོད། 

    《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བདག་སྐྱོང་བྱེད་ཁོངས་ཀྱི་འདྲི་གཅོད་དང་པོའི་དམངས་དོན་གྱོད་གཞིའི་ཚད་གཞི་ལེགས་སྒྲིག་སྐོར་གྱི་བརྡ་ཐོ》ཟླ་10ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། ས་གནས་སོ་སོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་གྱོད་གཞི་དཀྱུས་མའི་བདག་སྐྱོང་བྱེད་ཁོངས་ཀྱི་ཚད་གཞིར་དབྱེ་བ་མེད་པ་མ་ཟད། གཞི་རིམ་ཁྲིམས་ཁང་གི་བདག་སྐྱོང་བྱེད་ཁོངས་ཆེས་ཆེར་ཇེ་མཐོར་བཏང་ཞིང་། གཏུག་བཤེར་དམིགས་བྱའི་དངུལ་གྲངས་མཐོ་ཤོས་སྒོར་དུང་ཕྱུར་5མན་གྱི་དམངས་དོན་གྱོད་གཞི་ཐག་གཅོད་བྱེད་ཆོག་པ་གཏན་འབེབས་བྱས་ཡོད།

    《སྨན་བཅོས་ཡོ་བྱད་ཐོ་འགོད་དང་ཐོ་འགོད་དོ་དམ་བྱ་ཐབས》ཟླ་10ཚེས་1ཉིན་ནས་ལག་ལེན་བསྟར་ཏེ། མཁོ་ཆེ་བའི་ནད་ཐོག་སྨན་བཅོས་ཡོ་བྱད་ལ་སྔོན་དུ་ཞིབ་བཤེར་ཆོག་མཆན་འགོད་པ་དང་སྨན་བཅོས་ཡོ་བྱད་གསར་གཏོད་བྱས་པར་དམིགས་བསལ་གྱི་ཞིབ་བཤེར་ཆོག་མཆན་བྱེད་རྒྱུ་གཏན་འབེབས་བྱས་ཡོད།


        《གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་དང་གཙང་སེལ་བཟོ་བའི་ལག་རྩལ་ཚད་གཞི》ཟླ་10ཚེས་1ཉིན་ནས་ལག་བསྟར་བྱས་ཤིང་། 《ཚད་གཞི》རུ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དེ་ཕྱི་རོལ་དུ་སྤུངས་འཇོག་དང་ཕྱི་རོལ་དུ་མེར་སྲེག་པ། གཙང་པོ་དང་། མཚེའུ། རྫིང་བུ་སོགས་ཀྱི་མཚོ་ཁོངས་ནང་གཏོང་བ་བཅས་གཏན་ནས་བྱེད་མི་ཆོག་ཅེས་བསྟན་ཡོད།

       འགྲིམ་འགྲུལ་སྐྱེལ་འདྲེན་པུའི་མཚོ་དོན་ཅུད་ཀྱིས་སྤྱི་བསྒྲགས་སྤེལ་ཏེ། ཟླ་10ཚེས་1ཉིན་ནས་བཟུང་གྲུ་གཟིངས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་གྲུ་ཁ་གང་རུང་དུ་བསྐྱོད་དེ་ཞིབ་བཤེར་བྱེད་དུ་འཇུག་ཆོག་པ་གཏན་འཁེལ་བྱས་ཡོད་ལ།     《གནས་སྐབས་བདེ་འཇགས་དོ་དམ་ལག་ཁྱེར》གྱི་ལག་ཁྱེར་སྤྲོད་པའི་དུས་ཚོད་དེ་ལས་ཀའི་ཉིན་1ཏུ་བསྒྱུར་ཡོད།

     གསར་དུ་བཟོ་བཅོས་བྱས་པའི《གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་རིན་དོ་དམ་བྱ་ཐབས》ཟླ་10ཚེས་1ཉིན་ནས་ལག་བསྟར་བྱས་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་དེ་གྲོང་མིའི་འཚོ་བའི་སྤྱོད་ཆུ་དང་། གྲོང་མིའི་སྤྱོད་ཆུ་མ་ཡིན་པའི་ཆུ། དམིགས་བསལ་གྱི་སྤྱོད་ཆུ་བཅས་རིགས་གསུམ་ལ་དབྱེ་ཡོད་པ་རེད། གྲོང་མིའི་འཚོ་བའི་སྤྱོད་ཆུ་ལ་སྐས་རིམ་གྱི་ཆུ་རིན་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། གྲོང་མིའི་སྤྱོད་ཆུ་མ་ཡིན་པའི་ཆུ་དང་དམིགས་བསལ་སྤྱོད་ཆུ་ལ་བཅད་གྲངས་ལས་བརྒལ་ཚེ་རིམ་བརྩེགས་གོང་སྤར་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་འདུག 

    《གྲོང་ཁྱེར་གྱི་རྐང་ཐང་དང་རྐང་འཁོར་འགྲིམ་འགྲུལ་མ་ལག་འཆར་འགོད་ཚད་གཞི》ཟླ་10ཚེས་1ཉིན་ནས་ལག་བསྟར་བྱས་ཡོད། ཚད་གཞིའི་ནང་དུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱིས་རྐང་ཐང་དང་རྐང་འཁོར་འགྲིམ་འགྲུལ་ལ་འགན་ལེན་བྱེད་དགོས་ཤིང་། གནས་ཚུལ་ཅི་འདྲ་ཞིག་ཡིན་ཡང་རྐང་ཐང་དང་རྐང་འཁོར་གྱི་ལམ་བུ་བཙན་བཟུང་བྱེད་མི་རུང་བ་བསྟན་ཡོད།

    སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་བརྡ་ཐོ་བཏང་སྟེ། ཟླ་10ཚེས་15ཉིན་ནས་བཟུང་རྒྱལ་ཡོངས་སུ་རིམ་པ་དང་པོའི་འཛུགས་སྐྲུན་དབུ་ཆེན་གྱི་གློག་རྡུལ་ལག་ཁྱེར་ལག་བསྟར་བྱས་པ་དང་། 2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་གཅིག་གྱུར་ཐོག་གློག་རྡུལ་ལག་ཁྱེར་སྤྱོད་རྒྱུ་ལས་ཤོག་བུའི་ཐོ་འགོད་ལག་ཁྱེར་རྩིས་མེད་གཏོང་རྒྱུ། གློག་རྡུལ་ལག་ཁྱེར་དང་ཤོག་བུའི་ཐོ་འགོད་ལག་ཁྱེར་མཉམ་དུ་བེད་སྤྱོད་བྱེད་པའི་དུས་ཡུན་ནང་ལག་ཁྱེར་གྱི་ཐོ་འགོད་ཨང་གྲངས་གཅིག་མཚུངས་ཡིན་དགོས་པ་བཅས་སོགས་བརྗོད་ཡོད།