གློག་བརྙན༼གཅིག་དང་བཞི༽རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་ཚུད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-04   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        སྤྱི་ཟླ9བའི་ཚེས28ཉིན། ཐོ་ཁེའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས34བའི་འགྲན་བསྡུར་གཙོ་བོའི་ནང་ཚུད་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། ད་ལོ་ལོ24ལ་སླེབས་པའི་ན་གཞོན་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན༼གཅིག་དང་བཞི༽མིང་ཐོ་དེའི་ནང་ཚུད་ཡོད་ཅིང་། སྐབས་འདིའི་ཐོ་ཁེའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འགྲན་བསྡུར་གཙོ་བོའི་ཚན་པའི་ནང་ཚུད་པའི་བརྩམས་ཆོས་གཞན་དག་དང་མཉམ་དུ་གསེར་གྱི་ཆི་ལིན་ཞེས་པའི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཆེན་པོ་འགྲན་རྩོད་བྱ་རྒྱུ་ཡིན་པ་རེད།

        གློག་བརྙན་འདིའི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དེ་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བའི་དུས་མཇུག་གི་ཉིན་ཞིག མཚོ་བོད་ས་མཐོའི་ནགས་ར་ཞིག་ཏུ་ཁ་བ་བུ་ཡུག་འཚུབ་གྲབས་ཡོད་པའི་སྔོན་ཏག་ཏག་ལ་ནགས་སྲུང་བའི་སྤྱིལ་བུར་མ་བོས་མགྲོན་པོ་གསུམ་སླེབས་ཡོད། དེ་རྗེས་ནགས་སྲུང་བ་དེ་ཅི་ཡིན་འདི་ཡིན་མེད་པར་ཉེན་རྟོག་པས་རྔོན་ཇག་བདའ་འདེད་གཏོང་བའི་གྱོད་གཞིའི་ནང་ཚུད་པ་དང་། ས་མཐོའི་ནགས་ར་དེར་སྐབས་ཤིག་རིང་འཇིགས་ཡེར་བའི་སྣང་བས་ཁྱབ་ཅིང་། གནས་ཚུལ་ངོ་མ་དཔོག་དཀའ་བའི་དོགས་གཞིའི་རང་བཞིན་ལྡན་པའི་གཏམ་རྒྱུད་ཅིག་ཡིན།

    ཐོ་ཁེའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་སྤྱི་ལོ1985ལོ་ནས་བཟུང་གཉེར་འགོ་བཙུགས་པའི་གློག་བརྙན་དུས་ཆེན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས་ཀྱི་ཆོག་མཆན་ཐོབ་པའི་འཛམ་གླིང་ཐོག་གིAརིམ་པའི་གློག་བརྙན་དུས་ཆེན་ཆེ་ཁག་དགུའི་གྲས་དང་། ཨ་ཤེ་ཡའི་གལ་འགངས་ཆེ་ཤོས་ཀྱིAརིམ་པའི་གློག་བརྙན་དུས་ཆེན་གྱི་གྲས་ཡིན། སྐབས་འདིའི་གློག་བརྙན་དུས་ཆེན་དེ་སྤྱི་ཟླ10པའི་ཚེས30ཉིན་ནས་སྤྱི་ཟླ11པའི་ཚེས8ཉིན་བར་ལྗར་པན་གྱི་ཐོ་ཁེའོ་རུ་གཉེར་རྒྱུ་ཡིན་པ་རེད།