རྒྱལ་ཐང་གི་བཀྲ་ཤིས་ཚེ་རིང་གིས་ཧི་མ་ལའི་ཡིག་གཟུགས་སྐོར་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-02   རྩོམ་ཁུངས།    ཀན་ལྷོའི་རྒྱང་བསྒྲགས་བརྙན་འཕྲིན་བོད་ཡིག་འཕྲིན་སྟེགས།


        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀྲ་ཤིས་ཚེ་རིང་ལགས་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཐང་རྫོང་གི་ཡིན།  ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཤིན་ཏུ་ཆེ་བར་བརྟེན།  མཐོ་འབྲིང་མཐར་ཕྱིན་རྗེས་ཆིང་ཧྭ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཅིང་བཟོ་རིག་སློབ་རམས་པའི་བསླབ་དཔང་ཐོབ། དངོས་གཞི་མཐར་ཕྱིན་རྗེས་ཨ་རིའི་ཝེར་རྗེ་ནི་ཡཱ་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། རྩིས་འཁོར་ཚན་རིག་གི་ཤེས་རམས་པའི་བསླབ་དཔང་ཐོབ་རྗེས། ཕྱིར་རྒྱལ་ནང་དུ་ཡོང་ནས་ད་བར་བོད་ཡིག་ཆ་འཕྲིན་ལག་རྩལ་ཀྱི་ཞིབ་འཇུག་དང་གསར་སྤེལ་ཐད་ལ་རང་ནུས་གང་ལྕོགས་ཀྱིས་ཧུར་འབུངས་བྱེད་བཞིན་མཆིས། 

        1995 ལོར་སྤེལ་བའི་ཁོའི་མི་ཚེའི་དཔྱད་རྩོམ་ཐོག་མ་སྟེ《རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱིའི་ཞིབ་འཇུག》ཅེས་པ་དེར1997ལོར་བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི་ཞེས་པ་ཡོངས་སུ་གྲུབ་པར་མཐུན་རྐྱེན་བསྐྲུན། དཔྱད་རྩོམ་དེས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ཐད་རྨང་གཞི་ལེགས་པོ་བཏིངས་ཤིང་། སྤྱི་ལོ 2006 ལོར་ཁོས《བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞི》གཞིར་བཟུང་ནས་ཨ་རིའི་ཝེ་རོན་ཀུང་སིར་ཞུ་འབུལ་བྱས་རྗེས།  Windowsམ་ལག་ཏུ་བོད་ཡིག་འཇོག་པར་རྒྱབ་སྐྱོར་ཐོབ་པར་བརྟེན།  བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པར་གྱུར། 2010ལོར་ཁོའི་དཔྱད་རྩོམ《རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱིའི་ཞིབ་འཇུག》ཅེས་པར་ཀྲུང་གོའི་བོད་རིག་པའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་སྟེ“ཇོ་མོ་གླང་མའི”བྱ་དགའ་ཐོབ་ཅིང་།  དེ་ནི་ཁོས་མི་ལོ20ལྷག་གི་རིང་འབད་པའི་དཀའ་སྡུག་གི་རྔུལ་ཆུ་ཡིན་ལ། འདིས་བོད་རིག་པའི་སྡེ་དང་བོད་ཡིག་ཆ་འཕྲིན་ལག་རྩལ་བའི་སྡེར་ལག་རྩལ་དང་ཞིབ་འཇུག་གསར་སྤེལ་སོགས་ཀྱི་མཛད་རྗེས་མི་དམན་པ་བཞག་ཡོད།།