ཕ་མའི་བྱམས་བརྩེ་ལས་བྱིས་པའི་བློ་རིག་ལ་ཤུགས་རྐྱེན་ཐེབས་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-28   རྩོམ་ཁུངས།    གླིང་བུ་ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།

      སྔོན་ཆད་ང་རང་སྡོད་སའི་ཐོག་ཁང་གི་ཞབས་ནི་ཡངས་ཤིང་རྒྱ་ཆེ་བའི་ར་སྐོར་ཞིག་ཡིན་པ་དང་།དེའི་འགྲམ་ན་ཁང་མིག་ཆུང་ཆུང་ཞིག་ཡོད་པ་དེ་ནི་ལས་བཟོ་བ་ཚང་མའི་ཟ་མ་ཟ་ས་ཡིན།   ཟ་མ་ཟ་བའི་དུས་ལ་ཐོན་ཙ་ན་ར་སྐོར་ཉེ་འཁོར་དུ་མི་ཚོགས་ཀྱི་འདུ་འཛི་ཧ་ཅང་ཆེ།   ང་ལ་དོན་དག་ཡོད་ན་མེད་ན་སྒེའུ་ཁུང་གི་འགྲམ་དུ་ལངས་ནས་ར་སྐོར་ནང་གི་ཡུལ་ལྗོངས་ལ་བལྟ་བར་གོམས་ཤིང་།   མི་ཚོགས་མང་པོའི་ཁྲོད་ནས་བཟའ་མི་གསུམ་ཡོད་པའི་ཁྱིམ་ཚང་གཅིག་གི་འཚོ་བའི་རྣམ་པས་ང་ལ་སེམས་འགུལ་ཐེབས་སུ་བཅུག    ཁྱིམ་ཚང་དེའི་ཨ་ཕ་ནི་ར་སྐོར་ནང་གི་འཐུང་ཆུ་དང་དྲོད་གཏོང་སོགས་སྒྲིག་ཆས་ཞིག་གསོ་བྱེད་མཁན་གྱི་བཟོ་བ་ཞིག་ཡིན་འདུག    ཨ་མ་ནི་ཐོག་ཁང་ནང་གི་སྐས་རིམ་གྱི་བར་ཁྱམས་ལ་གཙང་སྦྲ་བྱེད་མཁན་ཞིག་ཡིན་པ་དང་།  ཁོང་བཟའ་ཟླ་གཉིས་ལ་ད་སོ་མ་ལོ་གཉིས་ལ་བུད་པའི་གཅེས་ཕྲུག་ཅིག་ཡོད།     ཉིན་མ་རེ་རེར་ཨ་མས་སྐར་རིམ་གྱི་བར་འཁྱམས་ལ་གཙང་སྦྲ་བྱས་ཚར་རྗེས་རང་གི་ཡིད་དུ་འོང་བའི་གཅེས་ཕྲུག་དེ་ཁྲིད་ནས་ར་སྐོར་ནང་དུ་ཡོང་བ་དང་། མཚམས་རེར་བྱིས་པ་རྐུབ་སྟེགས་སྟེང་བཞག་ནས་གནའ་གཏམ་བཤད་པ་དང་ཡང་མཚམས་རེར་བྱིས་པ་དང་མཉམ་དུ་རྩེད་མོ་སྣ་ཚོགས་རྩེ་བ་སོགས་གོ་རིམ་ཡོངས་སུ་གཅེས་ཕྲུག་དེས་ཨ་མའི་ཁ་ལ་ཤིན་ཏུ་ཉན་པ་མ་ཟད་བརྟན་ཆགས་ཀྱི་གཤིས་ཀ་ལྡན་པ་ཞིག་ཀྱང་རེད།    ཨ་ཕ་ལས་མཚམས་གྲོལ་བ་ན། ཨ་མ་ནི་ཟ་མ་གཡོ་སྦྱོར་བྱེད་པར་བུད་འགྲོ་བས་གཅེས་ཕྲུག་དེ་ཨ་ཕ་དང་མཉམ་དུ་རྩེད་མོར་རོལ།  གཅེས་ཕྲུག་དེས་ཆེས་ལོངས་སུ་སྤྱོད་པ་ནི་ཨ་ཕས་ཁོ་བོའི་མཆན་ནས་བསྡམས་ཤིང་ལག་པ་གཉིས་ཀྱིས་ཡར་བཀྱགས་ནས་གནམ་ལ་འཕེན་པའི་རྩེད་མོའི་སྤྲོ་སྣང་དེ་ཡིན་ཞིང་།  ཡར་ལ་འཕེན་ཐེངས་རེ་རེར་གཅེས་ཕྲུག་དེའི་གདོང་ལ་ལྷད་མེད་ཀྱི་འཛུམ་མདངས་དང་དགོད་སྒྲས་འཁེངས་ཡོད།   ཨ་ཕ་དང་གཅེས་ཕྲུག་གཉིས་ཀྱིས་རྒྱུག་རེས་འཐེན་པའི་རྩེད་མོ་ཡང་བྱེད་ཅིང་།  རྒྱུག་རེས་འཐེན་དུས་གཅེས་ཕྲུག་དེ་ཐང་ལ་འགྱེལ་དུས་ཡོད་ཀྱང་དེ་མ་ཐག་ཏུ་རང་ཉིད་ཡར་ལངས་ནས་སྔར་བཞིན་རྒྱུག་རེས་འཐེན་པར་བྲེལ།  ཁྱིམ་ཚང་དེའི་དཔལ་འབྱོར་གྱི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་ཁ་རེད།    གཅེས་ཕྲུག་དེར་རྩེད་ཆས་སྤུས་ལེགས་དང་གོས་འཇམ་གྱོན་རྒྱུ་མེད་ན་ཡང་ཁོ་རྒྱུན་པར་སེམས་ཁ་སྐྱིད་པོ་ངང་བསྡད་ཡོད།   དེ་ནི་ཁོ་ལ་འཇིག་རྟེན་འདིའི་སྟེང་གི་ཆེས་རླབས་ཆེ་བའི་བརྩེ་བ་གཉིས་ཏེ།  ཨ་ཕའི་བྱམས་བརྩེ་དང་ཨ་མའི་བྱམས་བརྩེ་གཉིས་ཀ་ལྡན་ཡོད་པས་རེད།  

      སྔར་ནས་ད་བར་དུ།   མི་མང་པོ་ཞིག་གིས་བྱིས་པའི་འཚར་ལོངས་ལ་ཆེས་གལ་ཆེ་བ་ནི་ཨ་མའི་བྱམས་བརྩེ་་ཡིན་པར་འདོད་ཡོད།   འདི་ནི་ཚན་རིག་གིས་བདེན་དཔང་བྱས་ཟིན་པ་ཞིག་རེད། གལ་ཏེ་བྱིས་པ་ཞིག་ནར་སོན་པའི་གོ་རིམ་ཁྲོད་ཨ་མའི་བྱམས་བརྩེ་ཡིས་མ་འདང་བ་ཡིན་ན་བྱིས་པ་དེའི་ལུས་ཁམས་དང་སེམས་ཁམས་གཉིས་ཀ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་ཡོད། བྱིས་པ་དང་ཨ་མ་གཉིས་ཀྱི་བར་ལ་ཞེན་ཆགས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཆགས་པ་ཡིན་ན།   བྱིས་པར་ནར་སོན་པའི་སྒུལ་ཤུགས་ཅིག་ཐོབ་ཐུབ་ཅིང་།   རང་ཤུགས་ཀྱིས་ནར་སོན་པའི་གོ་རིམ་ཁྲོད་རྒྱ་ཆེ་ཞིང་གཏིང་ཟབ་པའི་བདེ་ཐང་གི་ཕྱོགས་སུ་འགྲོ་ཐུབ་ཀྱི་ཡོད། 

     འོན་ཀྱང་བྱིས་པ་ནར་སོན་པའི་བརྒྱུད་རིམ་ཁྲོད་ཨ་མའི་བྱམས་བརྩེ་ཁོ་ན་ཡོད་པ་ནི་འཐུས་ཚང་ཞིག་མ་རེད།    ཨ་ཕའི་བརྩེ་བ་རི་དང་འདྲ་ཞེས་གླེང་བ་བཞིན།    ཨ་ཕའི་བྱམས་བརྩེ་ཡིས་བྱིས་པར་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཐུབ་ཀྱི་ཡོད་པ་ཤེས་ཐུབ།    སྐྱེས་མ་ཐག་པའི་ཕྲུ་གུ་ཅིག་ལ་མཚོན་ན་ཡང་ཨ་ཕའི་བྱམས་བརྩེ་ལ་རེ་བ་ཟབ་མོ་བཅངས་ཡོད།   ཁོ་ཚོས་ཨ་ཕས་བཤད་པའི་སྐད་ཆ་དང་ཉམས་འགྱུར་སོགས་ལ་རྣམ་རིག་གཏད་ཡོད་ཅིང་ཅི་ནུས་ཀྱིས་ཨ་ཕའི་རྣམ་འགྱུར་དང་བྱ་སྤྱོད་སོགས་ལད་ཟློས་བྱེད་སྲིད།   འཚར་ལོངས་བྱུང་བའི་གོ་རིམ་དང་བསྟུན་ནས་ཨ་ཕའི་ཞུམ་མེད་ཀྱི་སྙིང་སྟོབས་དང་དཔའ་ངར།     ཉེན་མཆོངས་ཀྱི་གཤིས་སྤྱོད་སོགས་ཀྱིས་བྱིས་པའི་གོམས་གཤིས་ལ་ཤན་ཤུགས་ཐེབས་ནས་མདོར་ན་བྱིས་པའི་བློ་རིག་འཕེལ་རྒྱས་ལ་ནུས་པ་ཐོན་གྱི་ཡོད།  



       བསམ་བློ་ཞིག་ཐོངས་དང་།   གལ་ཏེ་བྱིས་པར་ཨ་མའི་བྱམས་བརྩེ་ཁོ་ན་ལས་མེད་པའམ་ཡང་ན་ཨ་ཕའི་བྱསམ་བརྩེ་ཁོ་ན་ལས་མེད་ན་བྱིས་པ་ཚོའི་འཚོ་བ་ཅི་འདྲ་ཞིག་ཡིན་ནམ།ཨ་མའི་བྱམས་བརྩེ་ཁོ་ན་མ་གཏོགས་མ་ཐོབ་མེད་པའི་བྱིས་པ་ཞིག་གི་ངོས་ནས་བཤད་ན།  ཁོ་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་ཞིག་ཡིན་ཀྱང་སྲིད།རྒྱུ་མཚན་ནི་ཨ་མས་ཁོ་ཚོར་ཞིབ་ཚགས་ཀྱི་ཐུགས་ཁུར་དང་ལྷད་མེད་ཀྱི་བརྩེ་བ་གནང་ནས་གཟུགས་པོ་བདེ་ཐང་ཡོང་བར་བྱེད།   ཡིན་ན་ཡང་འདི་ལྟ་བུའི་འཚར་ལོངས་ནི་འཐུང་ཚང་ཅན་ཞིག་མིན།   ཕ་མ་གཉིས་ཀྱི་བྱམས་བརྩེ་ལྡན་པའི་བྱིས་པ་ཞིག་ལ་མཚོན་ན་མཚམས་རེར་ཁོང་ཚོ་ཕམ་སླ་ལ་ཉེན་ཁ་བརྒྱུད་པར་ཤིན་ཏུ་འཛེམ། འདུ་ཤེས་ཞན་ལ་གཞི་རྟེན་བཅོལ་རྒྱུར་དགའ་བའི་སེམས་ཁམས་ཆགས་སླ།   ཡང་ཨ་ཕའི་བྱམས་བརྩེ་ཁོ་ན་མ་གཏོགས་མ་ཐོབ་པའི་བྱིས་པ་ལ་མཚོན་ན།  ཨ་ཕའི་བློ་བརྟན་འགྱུར་མེད་དང་། འགན་ཁུར་བ།  དཔའ་ངར་ཆེ་བ། ཉེན་ཁར་བརྒྱུད་ཕོད་པ་སོགས་སྐྱེས་ཕོ་རབ་ཀྱི་གཤིས་རྒྱུད་ཀྱིས་བྱིས་པ་ཚོ་ནི་སྔར་ལས་དཔའ་ངར་དང་སྤོབས་པ་ཆེ་བ་དང་།    རང་རྐྱ་འཕེར་བ་ཞིག་ཏུ་འགྱུར་སྲིད་ན་ཡང་།   དེ་དང་མཉམ་དུ་ཨ་མའི་བྱམས་བརྩེ་ ལས་བྱུང་བའི་གཤིས་རྒྱུད་མང་པོ་ཞིག་ཀྱང་ཆད་པའི་ཉེན་ཁ་ཆེ།  

        མིའི་བློ་རིག་གི་མཐོ་དམན་ནི་ལ་ལ་ཞིག་རང་གི་ཕ་མེས་ཡང་མེས་ཀྱི་རྒྱུད་པར་རག་ལས་པ་དང་།  ལ་ལ་ནི་འཚོ་སྡོད་ཀྱི་ཁོར་ཡུག་ལ་རག་ལས་ཡོད།   རྐྱེན་མང་པོ་ཞིག་འདུས་པ་ལ་བརྟེན་ནས་ད་གཟོད་བློ་རིག་འཕེལ་རྒྱས་ཀྱི་ཆུ་ཚད་ལ་མཐོ་དམན་གྱི་བར་ཁྱད་བྱུང་གི་ཡོད།   བྱིས་པར་ཤུགས་རྐྱེན་ཐེབས་སྔ་ཤོས་དང་ཆེ་ཤོས་ཡིན་པའི་ངོས་ཐད་ནས་ཨ་ཕ་དང་ཨ་མ་གཉིས་ཀའི་བྱམས་བརྩེ་དང་ཐུགས་ཁུར་ནི་ཁོར་ཡུག་གི་རྒྱུ་རྐྱེན་ནང་ནས་ཆེས་གཙོ་ཤོས་དེ་ཆགས་ཡོད་པར་ཐེ་ཚོམ་སྐྱེ་མི་དགོས།  ཕ་མ་གཉིས་ཀའི་བྱམས་བརྩེ་དང་ཐུགས་ཁུར་གྱིས་བྱིས་པའི་ལུས་སེམས་གཉིས་ཀའི་བདེ་ཐང་འཚར་ལོངས་ལ་ནུས་པ་རེ་རེ་ཐོན་གྱི་ཡོད་པ་ལྟར།  བྱིས་པའི་ཀླད་པ་གཡས་གཡོན་གཉིས་ལ་ཕྱོགས་གཅིག་གི་བརྩེ་བ་ཆད་ཀྱང་བདེ་ཐང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་དང་ཀུན་ནས་མཚུངས་པས་ན།   བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕ་མ་གཉིས་ཀའི་བྱམས་བརྩེ་དང་ཐུགས་ཁུར་མཁོ་བ་རེད།