རྒྱལ་ཁབ་ཀྱི་གཙོ་ཆེའི་དཔེ་དེབ་པར་སྐྲུན་ལས་གཞི《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-26   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

ཉེ་ལམ། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི”གཙོ་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི།   བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དང་ཉི་མ་རྫོང་གི“རྒྱུད་གཅིག་ལམ་གཅིག”རིག་གནས་འཛུགས་སྐྲུན་ལས་གཞི《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ཞེས་པའི་པོད་ཉི་ཤུའི་བདག་ཉིད་ཅན་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།

《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ཞེས་པར་ཁྱོན་བསྡོམས་པོད་ཉི་ཤུ་ཡོད་དེ།    ནང་དོན་གཙོ་བོར་དམུ་རིགས་གཤེན་གྱི་གདུང་རབས་རིམ་བྱོན་ལས་གཤེན་སྟོན་ནམ་མཁའ་རྒྱལ་མཚན་དང་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས།  གྲུབ་པའི་དབང་ཕྱུག་དམུ་གཤེན་ཉི་མ་རྒྱལ་མཚན། གཤེན་གྱི་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན། གཤེན་མི་འགྱུར་གཙུག་ཕུད་དབང་རྒྱལ་སོགས་ཀྱི་གསུང་འབུམ་དང་། དཔལ་ལྡན་བླ་མ་རྣམས་ཀྱི་རྣམ་ཐར། གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱི་གསུང་འབུམ།  གཞན་ཞང་ཞུང་སྙན་རྒྱུད་ཀྱི་ཉམས་རྒྱུད་རྒྱས་པ་དང་ཚེ་དབང་བོད་ཡུལ་མའི་སྒྲུབ་གཞུང་། སྲིད་རྒྱལ་དྲེའུ་དམར་མོའི་རྒྱུད་དང་འགྲེལ་བ།  བོན་གྱི་གནས་ཡིག་དང་མོ་ཡིག་ཕྱོགས་བསྒྲིགས། ས་དཔྱད་ཕྱོགས་བསྒྲིགས། གསང་སྔགས་མན་ངག་གནད་ཀྱི་རྫོང་འཕྲང་སྣལ་རིས་དང་སྲུང་འཁོར་སྣ་ཚོགས་སོགས་འདུས་སོ། །

སྤྱིར་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་གདུང་རྒྱུད་དྲི་མ་མེད་པ་ལས་བྱུང་བའི་དམུ་རིགས་གཤེན་གྱི་གདུང་རབས་ལ་སྙན་པའི་གྲགས་པ་སྲིད་རྩེར་ཁྱབ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་དང་།  མདོ་སྔགས་རྫོགས་གསུམ་གང་ལའང་གཞན་དྲིང་མི་འཇོག་པའི་རིག་པའི་ཁྱུ་མཆོག་རབ་དང་རིམ་པ་བྱོན་པས་བོད་ཀྱི་རིག་གནས་འཕེལ་རྒྱས་དང་སྒོས་སུ་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་དེ།  དཔེ་ཚོགས་འདིར་བསྡུས་པའི་གཤེན་གྱི་མཁས་གྲུབ་དེ་རྣམས་ཀྱི་གསུང་འབུམ་ནང་བོད་ཀྱི་ལོ་རྒྱུས་རིག་གནས་དང་ས་ལམ་རྣམ་གཞག བརྡ་སྤྲོད་སྙན་ངག  མངོན་བརྗོད་སྐར་རྩིས།  གསོལ་འདེབས་བསྟོད་པ།   སྒྲུབ་གཞུང་དང་ལག་ལེན་ཟིན་བྲིས། ས་དཔྱད་དང་ལེགས་བཤད་སོགས་གསུང་རྩོམ་མང་པོ་འདུས།   དེ་ཡང་གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་ནི་དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པའི་བོན་གྱི་བླ་ཆེན་ཞིག་ཡིན་ཞིང་། ཁོང་གི་གསུང་རྩོམ་ལས་འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ཅེས་པ་ནི་སྙན་གྲགས་ཤིན་ཏུ་ཆེ་བའི་གནས་ཡིག་ཅིག་ཡིན་ཞིང་། ད་ལན་གྱི་དཔེ་ཚོགས་འདིར་ཁོང་གི་གསུང་འབུམ་པོད་བཞི་བསྡུས་ཡོད།   དཔལ་ལྡན་བླ་མའི་རྣམ་ཐར་ཞེས་པའི་ནང་དུ་དམུ་གཤེན་ལྷ་ཡི་གདུང་རབས་དང་བྲུ་ཞུ་སྤ་རྨེའུ། དཔལ་ལྡན་སྨན་རི་བའི་མཁན་རབས་རིམ་བྱོན་གྱི་རྣམ་ཐར་བཅས་དཔལ་ལྡན་བླ་མ་རྣམས་ཀྱི་རྣམ་ཐར་ཚན་པ་བཞི་བཅུ་ལ་ཉེ་བ་བསྡུས་ཡོད།    བོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་གནས་ཡིག་ནི་བོད་ཀྱི་གནས་ཡིག་བརྩམས་ཆོས་ཁྲོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ལོ་རྒྱུས་ཡིག་ཆ་ཡིན་སྟེ།   དཔེ་ཚོགས་འདི་ལས་བོན་གྱི་གནས་ཡིག་ཕྱོགས་བསྒྲིགས་ཞེས་པའི་ནང་དུ་ལོ་ཆེ་བཻ་རོ་ཙ་ན་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོ། རིག་འཛིན་ཀུན་གྲོལ་གྲགས་པ། གཏེར་སྟོན་སངས་རྒྱས་གླིང་པ། ཀུན་མཁྱེན་ཤེས་རབ་དགོངས་རྒྱལ།  མཁན་ཆེན་ཉི་མ་བསྟན་འཛིན་སོགས་ཀྱིས་མཛད་པའི་བོན་གྱི་གནས་ཆེན་ཁག་གི་གནས་ཡིག་ཚན་པ་སོ་དྲུག་བསྡུས་ཡོད་ལ།  གནས་ཡིག་དེ་དག་གིས་ཕྱོགས་མི་འདྲ་བའི་སྒོ་ནས་གངས་རིའི་ལྗོངས་ཀྱི་ལྷ་རི་བླ་མཚོའི་འབྱུང་ཁུངས་དང་དེ་བཞིན་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་འཕེལ་རྒྱས་དང་རིམ་འགྱུར་གྱི་ཁྱད་ཆོས་རྒྱས་བཤད་བྱས་ཡོད་པས་ལོ་རྒྱུས་ཡིག་རིགས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་ངེས་ཅན་ལྡན་པ་རེད།   གནའ་བོའི་སྲིད་པའི་བོན་གྱི་ཡིག་ཆ་ནི་ཐུབ་བསྟན་བོད་ཡུལ་དུ་མ་དར་གོང་གི་མཐོ་སྒང་བོད་མིའི་གནའ་རབས་ཤེས་རིག་གི་རྟེན་གཞི་གཙོ་བོ་ཡིན་ཏེ་ཁོ་ཚོའི་ཉི་ཟླ་སྐར་གསུམ་ལ་ངོས་འཛིན་དང་། ལེགས་ཉེས་བདེ་སྡུག་ལ་སྔོན་དཔག ཚེ་སྲོག་བརྒྱུད་རིམ་ལ་བསམ་གཞིགས་བཏང་བའི་བློ་གྲོས་ཀྱི་ཉིང་བཅུད་མཚོན་ཡོད།  དཔེ་ཚོགས་འདིའི་ནང་དུ་བསྡུས་པའི་ས་དཔྱད་དང་མོ་ཡིག་ནི་སྲིད་པའི་བོན་གྱི་ཡིག་ཆའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། གནའ་མི་རྣམས་ཀྱིས་སྡོད་གནས་ཁོར་ཡུག་ལ་ཞིབ་འཇུག་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མི་ཆོས་བསམ་བློ་མངོན་པར་མཚོན་པ་དང་གནའ་རབས་པའི་རིག་གནས་སེམས་ཁམས་དང་། སྤྱི་ཚོགས་འདུ་ཤེས། ཆོས་ལུགས་དད་མོས་སོགས་རིག་གནས་སྣང་ཚུལ་གསལ་སྟོན་བྱས་ཡོད་པས་ལོ་རྒྱུས་རྒྱུ་ཆ་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་རེད།

《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཉེ་བའི་ལོ་ཤས་རིང་པར་སྐྲུན་བྱས་པའི་བོད་ཀྱི་གནའ་དཔེ་པར་སྐྲུན་ལས་གཞིའི་ཁྲོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཟོ་སྐྲུན་གྱི་དགོངས་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་ཀྱང་ཡིན་པས། མི་རིགས་རིག་གནས་རྒྱུན་འཛིན་དང་མི་རིགས་སྙིང་སྟོབས་དར་སྤེལ། དེ་བཞིན་བོད་ཡིག་དཔེ་རྙིང་འཚོལ་སྡུད་དང་ལེགས་སྒྲིག པར་སྐྲུན་ཞིབ་འཇུག་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། །