འཐུས་མི་རྣམས་ཏང་གི་འཐུས་ཚོགས་སྟེང་སེམས་གཏམ་འདི་འདྲ་བཤད་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

ཟླ་9པའི་ཚེས་23ཉིན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་ཞུགས་མཁན་འཐུས་མི་རྣམ་པས་ཚོགས་ཆུང་ཁག་བགོས་ཏེ།ཝང་དབྱི་ཀྲི་ཡིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་རེད།གཤམ་དུ་ང་ཚོས་འཐུས་མི་རྣམས་ཀྱིས་སེམས་གཏམ་གང་འདྲ་བཏོན་ཡོད་པར་ཉན་དུ་འགྲོ།

    འཐུས་མི་དབྱང་ཙི་ཅང་གིས་སྙན་ཞུ་ཆབ་སྲིད་ཀྱི་ས་ཚིགས་མཐོ་པོ་ཡོད་པ་དང་།རྩོམ་ཡིག་ཆ་ཚང་ལ་དུས་རབས་གསར་པའི་ཏང་གི་འོད་སྟོང་འཕྲོ་བའི་ལེའུ་བརྒྱུད་ཡོད། བརྗོད་གཞི་ཁ་གསལ་དང་།སྐད་བརྡ་འཕྲོད་པ།རིགས་པའི་གཞུང་ལུགས་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་ལ།གོང་རིམ་གྱི་སྲིད་ཇུས་དང་ཁུལ་གྱི་གནས་ཚུལ་ཟུང་འབྲེལ་དམ་ཟབ་བཅས་བྱས་ཡོད་པས། མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་ཡར་བརྩོན་གྱི་སྤུས་ཚད་མཐོ་བའི་སྙན་ཞུ་ཞིག་རེད། གོམ་སྟབས་རྗེས་མར་ཁུལ་ཨུས་གྲོང་ཁྱེར་འཛུགས་སྐྲུན་དང་ལྷག་པར་དུ་སྣོད་བཅུད་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་དང་ནགས་ཕག་མཚོ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ཐད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འཐུས་མི་ཞུས་ཕེང་ཧྲེང་གིས་འབའ་ལུང་རྫོང་གིས་སྙན་སྒྲོན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་།མགྱོགས་མྱུར་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པ།ལས་འགན་གསལ་ཐོ་ཁག་བགོས་བྱེད་པ།དོན་འཁྱོལ་ལ་དམ་འཛིན་བྱེད་པ།འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ།སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་ཧུར་ཐག་བཅས་བྱེད་པ་དང་ལྷག་པར་དུ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཐད་ཀྱི་ཞན་ཆ་གསབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་ནུས་ལྡན་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འཐུས་མི་ཧ་ཡུས་ཧྥེང་གིས་དུས་བབ་གསར་པའི་འོག་རང་ཁུལ་གྱིས་སྔོན་ཐོན་གྱི་བསམ་བློ་དང་འཕེལ་རྒྱས་ཀྱི་འདུ་ཤེས་བསྡུ་ལེན་བྱ་རྒྱུར་བསམ་གཞིག་བྱས་ནས་ཧྲང་ཧའེ་དང་།ཁུན་མིང་།ཡུས་ཤིས་སོགས་ཀྱིས་རང་ཁུལ་ལ་རོགས་སྐྱོར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་བདེ་ཆེན་གྱི་འཕེལ་རྒྱས་དེ་ཡུན་ནན་ནུབ་བྱང་རྒྱུད་དང་ཐ་ན་ཡུན་ནན་ཞིང་ཆེན་གྱི་དར་རྒྱས་ཆེ་བའི་ས་ཁུལ་དང་མཉམ་འདྲེས་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།

    འཐུས་མི་ལུའུ་ཀྲི་ཅུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་གནས་སྤོས་ཟུར་བྱོལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཇོལ་རྫོང་མཁར་གྱི་གནས་སྤོའི་ཟུར་བྱོལ་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། ཀོང་རྩེད་ར་མི་དམངས་སྨན་ཁང་གཉིས་པ་དང་།ཀོང་རྩེད་ར་བདེ་ཐང་ལུས་གསོའི་གྲོང་རྡལ་ཆུང་གྲས།ཀོང་རྩེད་ར་ས་འོག་ཚ་ནུས་གསར་སྤེལ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།

    འཐུས་མི་མཱ་ཧྲེང་ཁྲུན་གྱིས་འབའ་ལུང་རྫོང་གི་སྣོད་བཅུད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཀྲུང་ལུགས་སྨན་རྒྱུའི་ཐོན་ལས་ཀྱི་གཞི་ཁྱོན་ཐོག་མའི་རྣམ་པ་ལྡན་ཡོད།འོན་ཀྱང་རྫོང་ནང་ཁུལ་གྱི་རང་ངོས་ཀྱི་དངོས་ཤུགས་ཞན་པ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་ཀྲུང་ལུགས་སྨན་རྒྱུའི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཆེ་གྲས་འབའ་ལུང་དུ་ཡོང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འཐུས་མི་མཱ་ཀུའོ་ཀྲུང་གིས་འཇོལ་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་སྟོབས་ཆེར་གཏོང་བ་དང་།ལྗང་མདོག་ནུས་རྒྱུའི་ཐོན་ལས་གཏིང་ཟབ་དང་ཏན་ཏིག་ངང་གཉེར་བ།རྒུན་འབྲུམ་ཐོན་ལས་གཙོ་བོར་བྱེད་པའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ལས་ཞིབ་ཚགས་དང་ཏན་ཏིག་ངང་གཉེར་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་འཐུས་ཚང་དང་།བདེ་སྐྱིད་ཚོར་སེམས་སྔར་བས་རྒྱུན་མཐུད།བདེ་འཇགས་ཚོར་སེམས་སྔར་བས་འགན་ལེན་བཅས་ཡོང་བ་བྱ་རྒྱུ་བཅས་བཤད་པ་རེད།

    འཐུས་མི་སུན་ཧུང་མེ་ཡིས་གོམ་སྟབས་རྗེས་མར་སྙན་སྒྲོན་ལ་དམ་པོར་དམིགས་ནས་བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཏོན་པའི་དམིགས་ཚད་ལས་འགན་ལ་དམིགས་པ་དང་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་དར་རྒྱས་དང་།རྒྱལ་གཅེས་འཕྲོད་བསྟེན།སྣོད་བཅུད་ཤེས་དཔལ་བཅས་འཛུགས་སྐྱོང་གི་བུད་མེད་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས།ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྣེ་ཁྲིད་དེ་དཀའ་སྤྱད་སྙིང་རུས་ཀྱི་དངོས་སྒྲུབ་སྤྱོད་ཚུལ་མུ་མཐུད་དར་སྤེལ་བཏང་སྟེ་ཁུལ་ཨུ་ དང་བསྟུན་ནས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་བཅས་བཤད་པ་རེད།

    འཐུས་མི་བསྟན་འཛིན་གྱིས་སྐད་ཚགས་ཤང་གི་ནགས་ཚལ་ཁྱབ་ཚད་89.3%ཟིན་པ་དང་།ལྗང་མདོག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ།སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དོ་དམ་ཚོད་འཛིན་གྱི་རྒྱ་ཁྱོན་ཆེ་བ།དབུལ་སྒྲོལ་འགག་སྒྲོལ་མཇུག་འགྲིལ་རྗེས་སྣོད་བཅུད་ནགས་སྲུང་བའི་གྲངས་འབོར་ཆེས་ཆེར་ཉུང་དུ་ཕྱིན་ནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འགལ་ཟླ་དང་སྣོད་བཅུད་དམར་ཐིག་དང་སྣོད་བཅུད་ཕན་བདེའི་འགལ་ཟླ་གནས་ཡོད་པས། གཅིག་ནས་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་མཐོ་རུ་བཏང་ནས་སྣོད་བཅུད་དོ་དམ་སྲུང་སྐྱོང་མི་སྣའི་གདན་ཞུའི་གྲངས་འབོར་མང་དུ་གཏོང་དགོས་པ་དང་། གཉིས་ནས་ལྗང་མདོག་གཏེར་རི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གཏེར་རིའི་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་གསར་སྤེལ་དང་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་།ཐོན་ལས་འབྲེལ་ཐག་སྣུར་སྲིང་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་ཕན་འབྲས་དང་།སྣོད་བཅུད་ཕན་འབྲས།སྤྱི་ཚོགས་ཕན་འབྲས་བཅས་མང་ཙམ་ཐོབ་པ་བྱེད་དགོས་ཞེས་བཤད་པ་རེད།

    འཐུས་མི་ལི་ཀྲི་ཞན་གྱིས་གྲོང་གསེབ་ཀྱི་སྨན་པ་ནི་གཞི་རིམ་གྱི་སྨན་བཅོས་སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་གཙོ་ཤུགས་དམག་ཡིན་པས། གྲོང་གསེབ་ཀྱི་སྨན་བཅོས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་སྨན་པས་འབྲེལ་ཡོད་ཐོབ་ཐང་ལག་ཁྱེར་བླངས་རྗེས་དེ་མཚུངས་ཀྱི་ཐོབ་ཐང་དང་གླ་ཕོགས་འགན་ལེན་བྱེད་དགོས་པ་དང་། གཉིས་པ།དཀོན་རིགས་དང་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣའི་ཐོགས་མེད་བགྲོད་ལམ་འཛུགས་དགོས་པ་དང་།དུས་མཚུངས་སུ་སྨན་པའི་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་སྨན་བཅོས་བྱེད་པའི་ངང་ཚུལ་བཟང་པོ་བསྐྲུན་དགོས་ཞེས་བསམ་འཆར་བཏོན་པ་རེད།

    འཐུས་མི་ཚེ་ལྷ་མོ་ཡིས་བདེ་ཆེན་གྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་གཏོང་བར་ལྗང་མདོག་སྣོད་བཅུད་རྩ་བར་འཛིན་དགོས་པ་མ་ཟད།མི་རིགས་རིག་གནས་ཀྱི་ཚོན་མདོག་སྣ་ཚོགས་ལ་དེ་བས་བརྟེན་དགོས།  དེ་བས་གཏིང་ཟབ་པའི་སྒོ་ནས་སེམས་ཀྱི་ཉི་ཟླའི་གཏམ་རྒྱུད་སྔོག་འདོན་དང་ཤེས་རྟོགས་བྱས་ཏེ་མཛེས་སྡུག་ལྡན་པའི་གཏམ་རྒྱུད་ཀྱིས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་དགོས། ས་གནས་དེ་གའི་བཟའ་བཏུང་དང་།ཨར་སྐྲུན།རྒྱན་གོས་རིག་གནས་བཅས་བེད་སྤྱོད་དང་དར་སྤེལ་གང་ལེགས་གཏོང་བ་དང་ལྷག་པར་དུ་འབྱུང་འགྱུར་ལོ་ལྔའི་འཆར་གཞིའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་པའི་ཁྲོད་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་གྱི་ཉམས་འགྱུར་མུ་མཐུད་སྤྱོད་དགོས། ཡུལ་སྐོར་གྱི་ཟང་ཟིང་གི་གནད་དོན་སྔར་བས་བཅོས་སྒྲིག་བྱས་ཏེ་ཡུལ་སྐོར་ལས་རིགས་ཀྱི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་སྐོར་སྣེ་ཤན་པའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཡག་པོ་གཏོད་དགོས་ཞེས་བཤད་པ་རེད།