གླེགས་བམ་གྲོང་ཚོའི་མཐོང་ཐོས།

རྩོམ་པ་པོ།   རྒྱ་མཚོ།  ཡིག་བསྒྱུར།       དུས་ཚོད།   2021-09-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གླེགས་བམ་གྲོང་ཚོ་ནི་སྔོན་ཆད་འཇིག་རྟེན་དང་བྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་དང་འདྲ་བའི་ས་ཆ་ཞིག་ཡིན་ལ། ཡུལ་སྐོར་གསར་སྤེལ་བྱས་ནས་གླེགས་བམ་གྲོང་ཚོ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ།  སྔོན་གྱི་འདམ་རྫབ་ཀྱི་འགྲོ་ལམ་ད་ལྟར་གཙང་ཞིང་གྲ་འགྲིག་པའི་འཕྲོད་བསྟེན་ལམ་བུར་གྱུར་ཡོད་པ་དང་།  མགྲོན་ཁང་དང་ཟ་ཁང་ནི་གྲོང་པའི་སྲང་ལམ་ཀུན་དུ་མཐོང་ཐུབ་ལ།  ད་དུང་འོ་ཇ་ཚོང་ཁང་སོགས་དེང་རབས་ཅན་གྱི་ཚོང་ཁང་འགའ་ཡང་གྲོང་པར་མཐོང་ཐུབ་འདུག

        གླེགས་བམ་གྲོང་པའི་གྲོང་མི་བསོད་ནམས་ཉི་མ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།  ཁོང་ཚང་ལ་མགྲོན་ཁང་གཅིག་ཡོད་པ་དང་ཕྱི་ཡུལ་གྱི་ཚོང་པ་ལ་འགན་གཙང་སྤྲོད་ཡོད་པས་ལོ་ལྟར་སྒོར་ཁྲི་20ཙམ་གྱི་འགན་གཙང་ཡོང་སྒོ་ཡོད།  གྲོང་པ་ནང་གི་ཡོང་སྒོ་མང་ཤོས་ཀྱི་དུད་ཚང་ལ་ལོ་ལྟར་གྱི་འགན་གཙང་ཡོང་སྒོ་ཁོ་ནར་སྒོར་ཁྲི་60ལྷག་ཡོད་པ་དང་།  སྔོན་ཆད་ཀྱི་དབེན་གནས་ཡིན་པའི་གླེགས་བམ་གྲོང་ཚོ་ནི་ད་ལྟའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད་པས་གྲོང་མི་རྣམས་ཀྱི་དངུལ་ཁུག་འབུར་ཡོད་པ་རེད།

        ཤེས་གསལ་བྱུང་དོན།  ལོ་འགའི་སྔོན་ལ་མགྲོན་ཁང་ཚོད་འཛིན་མེད་པར་དར་འཕེལ་བྱུང་བས་གྲོང་མི་རྣམས་ཀྱིས་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱས་ནས་སྡེ་ཁྲིམས་དམངས་མཆིངས་ཀྱི་ཚུལ་གྱིས་ཚང་མས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པར་ཚོད་འཛིན་བྱས་ཡོད་མོད།  འོན་ཀྱང་ཁེ་ཕན་ཆེན་པོ་ཡོད་པའི་རྐྱེན་གྱིས་ཁྲིམས་ལུགས་ཀྱི་ཚོད་འཛིན་མེད་པའི་སྡེ་ཁྲིམས་དམངས་མཆིངས་གྲོང་མི་རྣམས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱས་མི་ཐུབ།  ད་ལོར།  འཇོལ་རྫོང་རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས་ལས་ཀའི་ཚོ་ཆུང་ཐེངས་མང་གྲུབ་ནས་གླེགས་བམ་གྲོང་ཚོར་བཅའ་སྡོད་བྱས་པ་དང་།  ཚོད་འཛིན་མེད་པའི་གསར་སྤེལ་ལ་བཀག་སྡོམ་བྱས་པ་མ་ཟད་བྱེད་ཐབས་ཞིབ་ཚགས་གཏན་འབེབས་དངོས་བཏོན་བྱས་པ་རེད།

        སྔོན་ཆད་གླེགས་བམ་གྲོང་ཚོར་སོང་ན་རྐང་ཐང་ངམ་རྟ་བཞོན་ནས་འགྲོ་དགོས་པ་དང་།  ད་ལྟར་སྟབས་བདེའི་འགྲོ་ལམ་ཡོད་པས་སྔོན་ཆད་ཆུ་ཚོད་དྲུག་བདུན་དགོས་པའི་རྐང་ཐང་ལམ་ཐག་ད་ལྟར་སྐར་མ་30ཙམ་གྱི་རླངས་འཁོར་ལམ་ཐག་ལས་མི་དགོས།  ཡུལ་སྐོར་བ་དང་ས་གནས་དེ་གའི་གནས་སྐོར་འགྲོ་མཁན་མི་ཉུང་བ་ཡིས་རླངས་འཁོར་བསྡད་ནས་གླེགས་བམ་གྲོང་ཚོར་སོང་ཡོད་ལ།  རྐང་ཐང་འགྲོ་མཁན་ཡང་ཁ་ཤས་འདུག

       གླེགས་བམ་གྲོང་ཚོའི་འགྱུར་ལྡོག་ཆེ་ཤོས་ནི་འབངས་མི་སེར་གྱི་ཡོང་སྒོ་དེ་ཡིན་ལ།  སྔོན་ཆད་ཀྱི་གླེགས་བམ་གྲོང་ཚོ་ནི་འཇོལ་རྫོང་གི་འགྲིམ་འགྲུལ་སྟབས་མི་བདེ་ཞིང་དབུལ་ཕོངས་ཀྱི་གྲོང་ཚོ་ཞིག་ཡིན་ལ།  ཡུལ་སྐོར་ལས་རིགས་དར་འཕེལ་བྱུང་བ་དང་བསྟུན་ནས་གྲོང་མི་རྣམས་ཕྱུག་པོར་གྱུར་ཡོད་པ་དང་། དེ་དང་དུས་མཚུངས་སུ་རྒྱུན་མཐུད་འཕེལ་རྒྱས་ནི་གླེགས་བམ་གྲོང་ཚོ་ལ་ཐུག་པའི་འགྲན་རྩོད་དང་གོ་སྐབས་ཆེ་ཤོས་དེ་ཡིན་ལ།  གསར་སྤེལ་བྱེད་པའི་དུས་མཚུངས་སུ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཤིན་ཏུ་གལ་འགངས་ཆེའོ།