སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-16   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་9ཚེས་15ཉིན་ནས་ཚེས་27ཉིན་བར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས(གཤམ་ལ་བསྡུས་མིང་དུ་སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་ཟེར་རྒྱུ)ཧྲའན་ཞི་རུ་འཚོག་རྒྱུ་རེད། དེ་ནི་རང་རྒྱལ་གྱི་དབུས་ནུབ་ས་ཁུལ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཉེར་ཐེངས་དང་པོ་ཡིན་པ་དང་ཧྲའན་ཞི་ཉིད་ནི་འགྲན་བསྡུར་དེ་གཉེར་བའི་ཞིང་ཆེན་བརྒྱད་པར་གྱུར་པ་མ་ཟད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་གཉེར་ཐེངས་དང་པོ་ཡིན་པ་རེད།


        སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་འདུའི་མཚོན་རྟགས་ཇུས་འགོད་ཇུས་གཞིའི་འབྱུང་ཁུངས་ནི་སྲོལ་རྒྱུན་གྱི“གནམ་མཆོད་གཡང་ཊི”ནས་ཡིན་ཞིང་། གཡང་ཊི་བརྐོས་ནས་གྲུབ་པའི་མཚོན་རྟགས་དེའི་ཐོག་ནས་ཀྲུང་གོའི་གནའ་རབས་ཀྱི་གནམ་ལ་གུས་འདུད་ཞུས་པའི་གུས་སྲོལ་མངོན་ལ། རྒྱལ་ཡོངས་མི་དམངས་ཀྱིས་བསམ་པའི་ཉམས་འགྱུར་བཟང་ཤོས་ཀྱི་སྒོ་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཉེར་བ་མཚོན་ཡོད།

    སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་དངོས་པོ་ནི་ཧྲའན་ཞི་ཁོ་ནར་ཡོད་པའི“ཆིན་ལིང་གི་ནོར་བུ་བཞི”ཞེས་པའི་བྱ་ཀྲུའུ་ཧོན་དང་། དོམ་ཁྲ། གཙོད། སྤྲེལ་སྤུ་སེར་བཅས་གསར་གཏོད་ཀྱི་མ་དཔེར་བྱས་པ་དང་། ནོར་བུ་བཞི་པོ་རྣམས་ཀྱིས་བདེ་སྐྱིད་ཆེན་པོ་དང་། གསོན་ཤུགས་ཀྱིས་ཁེངས་པ། སྙིང་སྟོབས་རྒྱས་པ། ཧུར་བརྩོན་ཡར་སྐྱེད་བཅས་ཀྱི་རྣམ་པ་མངོན་གྱི་ཡོད། 

    སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནང་ཁྱོན་རྣམ་གྲངས་ཆེ་བ་34དང་། ཡན་ལག་རྣམ་གྲངས་51རྣམ་གྲངས་ཆུང་བ་405བཅས་བཀོད་སྒྲིག་བྱས་ཡོད་པས་སྐབས་རིམ་བྱུང་གི་ཨང་དང་པོ་བཏོད་ཡོད། དེའི་ནང་ཧྲའན་ཞི་ངོས་ཀྱིས་རྣམ་གྲངས་ཆེ་གྲས་32དང་། ཡན་ལག་རྣམ་གྲངས་47རྣམ་གྲངས་ཆུང་གྲས་368བཅས་གཉེར་འགན་འཁུར་བ་རེད། གཡོར་གྲུ(པང་ལེབ)དང་རླབས་རྩེད་ཀྱི་རྣམ་གྲངས་ཆེ་བ་2དང་།  ཀོ་ཤུད་གྲུ་ཡི་བཞུར་རྒྱུན་དྲག་པོ་དང་། འགྲན་ར་ལྕགས་རྟ། གྲུ་གཡབ། རླབས་རྩེད་བཅས་ཡན་ལག་རྣམ་གྲངས་4 རྣམ་གྲངས་ཆུང་བ་37བཅས་ས་ཆ་གཞན་དུ་འགྲན་བསྡུར་སྤེལ་རྒྱུ་རེད།

        ཞི་ཨན་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་ནི་སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་བྱ་ཡུལ་གཙོ་བོ་ཞིག་ཡིན་ཞིང་། དེ་ནི“འགྲན་ར་གཅིག་དང་འགྲན་ཁང་གཉིས”དང་ཁང་ཕྱིའི་ཆ་སྒྲིག་ལུས་རྩལ་འགྲན་ར་བཅས་ལས་གྲུབ་པ་ཞིག་ཡིན་པ་དང་། དེར་སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་། མཇུག་འགྲིལ་མཛད་སྒོ། དེ་བཞིན་མཆོང་རྒྱུག་འཕེན་གསུམ་དང་། རྐང་རྩེད་སྤོ་ལོ། ཆུ་རྐྱལ། རྐྱལ་མཆོང་སོགས་རྣམ་གྲངས་ཀྱི་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད། ཞི་ཨན་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་ནི་རིམ་པ་རྩེ་གྲ་ཡི་ལུས་རྩལ་ཐང་ཆེ་གྲས་ཤིག་ཡིན་ཞིང་། རྐུབ་སྟེགས་ཁྲི་6ལྷག་ཙམ་ཡོད། སྤྱིའི་ཇུས་འགོད་ཀྱི་ནང་དོན་ནི་དར་གོས་ལམ་བུའི་ལོ་རྒྱུས་དང་ཞི་ཨན་གྲོང་ཁྱེར་གྱི་གྲོང་ཁྱེར་མེ་ཏོག--སེ་འབྲུ་མེ་ཏོག་ནས་བྱུང་བ་ཞིག་རེད། ལུས་རྩལ་ཐང་གི་ཐོག་ཁེབས་དེ“མེ་ཏོག་གི་འདབ་མ”28ལས་གྲུབ་པ་དང་དེའི་གོ་དོན་ནི“དར་གོས་ལམ་བུར་ཐོན་འགོ་ཚུགས་པ་དང་དར་རྒྱས་དུས་ཀྱི་མེ་ཏོག”ཅེས་པ་དེ་ཡིན། ཞི་ཨན་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དང་ཞི་ཨན་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་ཀྱི་ཆུ་རྐྱལ་ཆུ་མཆོང་ཁང་ནི་ལུས་རྩལ་ཁང་རྩེ་གྲས་ཤིག་རེད། 

    སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི“དམངས་ཡོངས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས། བློ་གཅིག་སེམས་གཅིག་གིས་མཉམ་དུ་སྐྱོད་པ”ཞེས་པ་དེ་ཡིན་པ་དང་། མང་ཚོགས་རྣམ་གྲངས་ལ་ཁྱོན་རྣམ་གྲངས་ཆེ་གྲས་19དང་རྣམ་གྲངས་ཆུང་གྲས་185ཡོད་པའི་ནང་ཐང་ཆེན་ཞབས་བྲོ་དང་། རླུང་འཕྲིན་ལུས་སྦྱོང་། ལུས་སྦྱོང་དབུགས་སྒོམ།ཐའེ་ཅི་ཆོན་བཅས་རྣམ་གྲངས་བཞི་གསར་དུ་བསྣན་ཡོད་པ་རེད། 

    རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་བབ་འོག འཁྲབ་སྟོན་རྣམ་གྲངས་ཐད་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག“ཐེངས་དང་པོ”མང་པོ་བཏོད་པ་སྟེ། མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོའི་འཁྲབ་སྟོན་རྣམ་གྲངས་ཐོག་མར་བཙུགས་པ་དང་། དྲ་ཐོག་ནས་འགྲན་བསྡུར་ནང་ཞུགས་ནས་ཡུལ་དངོས་སུ་ཞིབ་དཔྱད་བྱེད་པའི་བྱ་ཐབས་ཐོག་མར་སྤྱོད་པ། ཐེངས་དང་པོར་འཁྲབ་སྟོན་རྣམ་གྲངས་4དུས་གཅིག་ཡུལ་གཅིག་ཏུ་གཉེར་བ། ཐེངས་དང་པོར་ཁ་གྲམ་ནས་གོང་ཞུ་དང་གཅིག་སྡུད་ཐོག་ཞིབ་དཔྱད་བྱེད་པའི་བྱེད་སྟངས་ཐོག་མར་སྤྱོད་པ་བཅས་རེད། 


        སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་པར“མེ་གཉིས་གཅིག་སྒྲིལ”གྱི་བརྒྱུད་སྤྲོད་བྱེད་སྟངས་ཐོག་མར་སྤྱད་དེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་དམིགས་བསལ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཉིས་གཅིག་ཏུ་བསྡུས་ནས་གཅིག་ཏུ་བརྒྱུད་སྤྲོད་བྱེད་ཡོད་པ་རེད། ཟླ་9ཚེས་12ཉིན་དཔལ་འབར་བརྒྱུད་སྤྲོད་ཉིན་28དང་། ས་ཚིགས་14 སྤྱིའི་ལམ་ཐག་སྤྱི་ལེ་71.85བཅས་བརྒྱུད་དེ་བདེ་བླག་ངང་མཇུག་འགྲིལ་བ་རེད།