ཁྲེང་ཏུའུ་རུ་རྒྱལ་སྤྱིའི་བཤམ་སྟོན་འདུ་ཚོགས་ཤིག་འཚོག་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-15   རྩོམ་ཁུངས།    ཁམས་པའི་དྲ་བ།

        ཟླ9པའི་ཚེས16ཉིན་ནས་ཚེས20ཉིན་བར། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་བཤམ་སྟོན་འདུ་ཚོགས་སྐབས་བཅོ་བརྒྱད་པ་ཁྲེང་ཏུའུ་རུ་འཚོག་རྒྱུ་རེད། སྐབས་དེར་དཀར་མཛེས་བཤམ་སྟོན་ཁང་དུ་ངོ་མཚར་ཆེ་བའི་རྣམ་པ་མངོན་རྒྱུ་ཡོད་པ་རེད།

        གསར་འགོད་པས་ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས་ནས་ཤེས་རྟོགས་བྱུང་དོན། སྐབས་འདིའི་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་སྟེང་། དཀར་མཛེས་བཤམ་སྟོན་ཁང་དེ་ནུབ་རྒྱུད་བཤམ་སྟོན་ཁང་དང་པོའི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་མཉམ་ལས་ཁང་དུ་གནས་ལ། རྒྱ་ཁྱོན་སྨི་གྲུ་མ1500ཟིན་ཡོད་པ་རེད། ཐེངས་འདིའི་དཀར་མཛེས་བཤམ་སྟོན་ཁང་གི་བཤམ་སྟོན་ནི“དྭངས་གཙང་དཀར་མཛེས། ལྗང་མདོག་འཕེལ་རྒྱས”བརྗོད་བྱ་གཙོ་བོར་བྱས་ནས“1+8”ཀྱི་མཉམ་སྡེབ་རྣམ་པའི་ཐོག་ནས་དཀར་མཛེས་ཁུལ་གྱི་བརྗོད་དོན་གཙོ་བོའི་རྫོང(གྲོང་ཁྱེར)18ཀྱི་སྤྱིར་བཏང་བཤམ་སྟོན་ཁང་གཅིག་བཀོད་སྒྲིག་བྱས་ཏེ“1+N”བྱེད་སྒོའི་སྒྲོམ་གཞི་བརྒྱུད་ནས་བཤམ་སྟོན་བྱ་རྒྱུ་ཡིན་ལ། ཁུལ་དང་རྫོང་གི་བརྗོད་དོན་གཙོ་བོའི་བཤམ་སྟོན་བྱེད་སྒོ་ཞིག་སྤེལ་རྒྱུ་ཡིན་པ་རེད།

        དཀར་མཛེས་བཤམ་སྟོན་ཁང་གིས་བརྗོད་དོན་གཙོ་བོའི་བཤམ་ཁུལ་དང་རིག་གནས་གསར་གཏོད་བཤམ་ཁུལ། རྫོང(གྲོང་ཁྱེར)བཅོ་བརྒྱད་ཀྱི་བཤམ་ཁུལ་བཅས་བཤམ་ཁུལ་གསུམ་བཀོད་སྒྲིག་བྱས་ནས། པར་རིས་དང་བརྙན། དྲྭ་ཐོག་ཐད་གཏོང་། དངོས་རྫས་བཤམ་འཁྲབ། ཡུལ་དངོས་མྱོང་ཚོར། མི་རིགས་ཀྱི་གླུ་གར་སོགས་སྤྱད་དེ་རང་ཁུལ་གྱི་ཞིང་འབྲོག་ཐོན་ཁུངས་དང་། ཡུལ་སྐོར་ཐོན་ཁུངས། ཁྱད་ལྡན་རིག་གནས་ཐོན་ཁུངས་བཅས་གཅིག་སྡུད་ཐོག་བཤམ་སྟོན་བྱ་རྒྱུ་རེད། བཤམ་སྟོན་ཁང་གི་ཇུས་འགོད་ཐད། LEDདང་སྒྲོན་སྒྲོམ། འཁྲབ་ཆས་བཅས་ཀྱི་ཐོག་ནས་དཀར་མཛེས་ཀྱི་ནམ་མཁའ་སྔོན་པོ་དང་སྤྲིན་དཀར་པོ། མཚེའུ་བཅས་ཀྱི་མཛེས་ལྗོངས་སླར་གསོ་བྱས་ཏེ“ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། ཁྱད་ལྡན་རིག་གནས། དྲྭ་ཐོག་ཚོང་དོན་སོགས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཚོན་པར་མ་ཟད། དཀར་མཛེས་ཀྱི“གསར་བརྗེ། འབྱོར་ཕྱུག། མཛེས་སྡུག། གསར་གཏོད།”བཅས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ནས་དཀར་མཛེས་ཀྱི་བུ་དང་བུ་མོ་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ལ་ཡིད་སྨོན་དང་འཚོལ་སྙེག་བྱེད་པ་མཚོན་ཡོད་པ་རེད།

        མང་ཚོགས་དབར་གྱི་མཉམ་འགུལ་གྱི་ནུས་པ་མཐོ་རུ་གཏོང་བ་དང་བཤམ་སྟོན་ལ་ལྟ་སྐོར་བྱེད་པའི་སྤྲོ་སྣང་འཕེལ་ཆེད། དཀར་མཛེས་བཤམ་སྟོན་ཁང་གིས་ཡུལ་དངོས་ནས་མི་རིགས་ཀྱི་གླུ་གར་དང་། བོད་རིགས་ཀྱི་རྒྱན་གོས་ངོམ་སྟོན། ཐང་ག་བཤམ་སྟོན་སོགས་གྲ་སྒྲིག་བྱ་རྒྱུ་དང་ཆབས་ཅིག་ལག་ཤེས་པ་གདན་དྲངས་ནས་ཡུལ་དངོས་ནས་ཐང་ག་འབྲི་རྒྱུ་སོགས་ཀྱི་བཤམ་སྟོན་དམིགས་བསལ་ལྡན་པ་བྱ་རྒྱུ་ཡིན་པ་རེད།