གསེར་ཟམ་ཚོང་རའི་ཡུལ་ཐོན་དངོས་རྫས་ཀྱིས་གྲོང་མིར་སྟབས་བདེ་བསྐྲུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དབུལ་སྐྱོར་འཛད་སྤྱོད་ཀྱི་སྲིད་ཇུས་བཏོན་པ་ནས་བཟུང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གསེར་ཟམ་ཉེ་འཁོར་གྱི་ཉི་གཏད་ལམ་ནི་ས་གནས་ཀྱི་ཡུལ་ཐོན་ཁྱད་རྫས་འཚོང་སའི་ཁྲོམ་ར་གཙོ་བོ་ཞིག་ཏུ་གྱུར་ཡོད།      ཁྲོམ་ར་འདིར་བདེ་ཆེན་རང་ས་ནས་ཐོན་པའི་ཚོང་བ་ལས་གཞན་ས་དམ་དང་ཏ་ལི་སོགས་ཀྱི་ཚོང་བ་རྒྱ་བོད་འཇང་གསུམ་སོགས་འདུས་ནས་རྒྱ་ཆེའི་འཛད་སྤྱོད་པར་ས་གནས་ཀྱི་ཀེའུ་དང་ཙོང་།  སྒོག་པ།  ཞོག་ཁོག་སོགས་སྔོ་ཚོད་སོས་པ་མཁོ་འདོན་བྱེད་ཀྱི་ཡོད་པ་མ་ཟད།   ཀུ་ཤུ་དང་ཆུ་ཀུབ།  སེ་འབྲུ།  རྒུན་འབྲུམ་སོགས་ས་གནས་སོ་སོའི་སིལ་ཏོག་སྣ་ཚོགས་ཀྱང་བཙོང་བཞིན་ཡོད།   དེར་མ་ཟད་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་བེ་ཤྭ་རིགས་སྣ་ཚོགས་ཀྱང་ཁྲོམ་རར་ཐོན་ཡོད་པས་བྲིན་ཆེ་བའི་ཚོང་རྫས་ཞིག་ཏུ་གྱུར་ཡོད།  གཞན་ཡང་།  ཡུལ་འདིའི་ནོར་གནག་གི་ཤ་སྐམ་དང་།  བོད་ཕག་གི་ཤ་རྒྱུ། ཕྱེ་རྩམ། ཞོ་དང་ཕྱུ་ར།  མར།   ས་གནས་ཀྱི་མེ་ཏོག   སྨན་རྩྭ་སོགས་ལ་འཛད་སྤྱོད་པས་དགའ་བསུ་མི་ཉུང་བ་ཞིག་ཐོབ་ཡོད།

        ཡང་ཐང་གྲོང་རྡལ་ནས་ཐོན་པའི་ཨ་ཅེ་གཡང་འཛོམས་ལགས་ཀྱིས་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་མི་རྣམས་ལ་ཡང་ཐང་གི་ཞོག་ཁོག་སོས་པ་ཉོ་རོགས་ཞེས་སྐད་སྒྲོག་ཅིང་།    ཡུན་རིང་མ་འགོར་བར་མགྲོན་ཁང་གཉེར་མཁན་གྱི་སྦྱིན་བདག་ཅིག་གིས་ཡང་ཐང་གི་ཞོག་ཁོག་རྒྱ་མ་འགའ་ཉོས་བྱུང་།     ཆ་སྙོམས་བྱས་ན་ཉིན་རེར་ཞོག་ཁོག་རྒྱ་མ་བརྒྱ་ལྷག་འཚོང་ཐུབ་ཀྱི་ཡོད་པས་རང་ཉིད་ཀྱི་ཐོན་རྫས་ཕྱི་ལ་འཚོང་ཐུབ་ཀྱི་ཡོད་པ་མ་ཟད།    ཡུལ་མི་རྣམས་ཀྱིས་ཀྱང་ས་གནས་རང་གི་བྲོ་བ་ཕུན་སུམ་ཚོགས་པའི་ཟས་རིགས་ཟ་ཐུབ་ཀྱི་ཡོད།

        ཞོགས་པའི་ཆུ་ཚོད་བདུན་པ་ནས་དགོང་མོའི་ཆུ་ཚོད་བདུན་པའི་བར་སྲང་ལམ་འདིར་འཁྲུག་ཆ་ཤིན་ཏུ་ཆེ་ཞིང་།  ལྷག་པར་གུང་གསེང་གི་དུས་ལ་མི་ཚོགས་ཤིན་ཏུ་མང་།      ཕྱོགས་སོ་སོ་ནས་ཐོན་པའི་ཚོང་བ་རྣམས་གོ་རིམ་བཞིན་གྲལ་བསྒྲིགས་ནས་རང་ཡུལ་གྱི་ཐོན་རྫས་སྣ་ཚོགས་ཁྲོམ་རར་བཙོང་བཞིན་ཡོད་པས་བར་མཚམས་འདི་ནི་ཚོང་སྣ་བརྒྱ་འདུས་ཀྱི་སྲང་ལམ་ཞིག་ཏུ་གྱུར་ཡོད་ཅིང་།     ཚོང་བ་རྣམས་ལ་ཡོང་སྒོ་ལྷག་མ་ཞིག་འཕར་ཡོད་པ་མ་ཟད་ས་གནས་འདི་གའི་མི་རྣམས་ཀྱིས་ཀྱང་སྲང་ལམ་སྣ་གཅིག་ནས་རང་ལ་མཁོ་བའི་དངོས་པོ་གང་རུང་ཉོ་ཆོག་ཅིང་།    ལྷག་པར་སྔོ་ཚོད་དང་སིལ་ཏོག་སོས་པ་ཟ་ཐུབ་པ་བྱུང་ནས་ཕྱོགས་མང་པོ་ཞིག་ལ་སྟབས་བདེ་བསྐྲུན་ཡོད།