དགེ་རྒན་ལགས།ང་ཚོས་ཁྱེད་ཀྱིས་གནང་བའི་དབྱངས་གསལ་གྱི་གཟུངས་དེ་ད་དུང་ངག་ལ་གྱེར་བཞིན་ཡོད།

རྩོམ་པ་པོ།   རྡོ་ལུང་རིན་ཆེན།   ཡིག་བསྒྱུར།       དུས་ཚོད།   2021-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

༡  ལོ་དེའི་ཞོགས་པར

ཁྱེད་ཀྱིས་མེས་པོའི་དབྱངས་རྟ་ལས་མཆེད་པའི་དབྱངས་གསལ་སུམ་ཅུ་སྒོ་སམ་དུ་ཕབ་ཅིང་ངག་ལ་དྲངས་པ་ནས་བཟུང

ང་ཚོ་ཁྱེད་དང་ལས་ཀྱིས་འཕྲད་པ་ཡིན་ལ

ཁྱེད་ཀྱི་བྱམས་བརྩེ་དང་མཁྱེན་རྒྱ་ལ་ཡང་ལས་ཀྱིས་འཕྲད་པ་ཡིན

དེ་ནས་བཟུང་ཁྱེད་ཀྱིས་ང་ཚོ་ཤེས་རིག་གི་ལམ་ཁ་དེར་བསྐྱལ་ཞིང

ལམ་ཁ་དེ་ནས་འོད་ཀྱིས་འཚོས

འོན་ཀྱང་ཁྱེད་ཉིད་ཐུགས་ཁུར་གནང་མི་དགོས་ཏེ

མི་ལོ་ཉེར་ལྔའི་རྗེས་ཀྱི་དེ་རིང

ང་ཚོས་སྔར་བཞིན་མེས་པོའི་ཞབས་རྗེས་སུ་སྙེག་བཞིན་ཡོད་ལ

དབྱངས་གསལ་གྱི་གཟུངས་འདི་ཤོག་དཀར་གྱི་ངོས་ལ་ཕབ་བཞིན་ཡོད

 

༢  ལོ་དེའི་ཉིན་གུང

ཁྱེད་ཀྱིས་ལང་ཚོའི་སྙན་ངག་ཅིག་སྤོབས་པ་དང་སྙིང་སྟོབས་ཀྱིས་ངག་ལ་སྦྱར་ཞིང་མགྲིན་ལ་བཀུག་པ་ན

སྐད་ཅིག་དེར་ང་ཚོར་ནར་སོན་གྱི་ལུས་སྟོབས་རྒྱས་ཤིང

ལང་ཚོ་ཡི་འཕར་རྩ་དྲག་ཏུ་ལྡིང་བའི་མགོ་སྣང་མཐོན་པོ་བྱུང

རྒྱུ་མཚན་ནི་སྐབས་དེར་ང་ཚོ་ཁྱེད་ཀྱི་ཐུགས་འོད་ཁྲོད་བསྐྱང་ནས་མི་ལོ་བཅུ་ལྷག་འགོར་ཡོད་པས་ཡིན

འོན་ཀྱང་ཁྱེད་ཀྱིས་ཐུགས་བདེ་གནོངས་དང

མི་ལོ་བཅོ་ལྔའི་རྗེས་ཀྱི་དེ་རིང

ང་ཚོས་སྔར་བཞིན་སློབ་ཐུན་དེ་ལང་ཚོའི་སྙན་ངག་ཅིག་ཡིན་པ་བརྗེད་མེད་ལ

ཁྱེད་ཀྱི་བསླབ་བྱ་དེ་དག་ཀྱང་བརྗེད་ག་ལ་སྲིད

  

༣ ལོ་དེའི་ཕྱི་དྲོར 

ང་ཚོས་ཐོག་ཁང་ཆེན་མོ་དེའི་མདུན་ནས་འཛུམ་གྱིས་ཁེངས་པའི་མཉམ་པར་སྐྱོན་ཞིང་དགའ་སྐྱོ་འདྲེས་མའི་མིག་ཆུ་ཕྱུང་རྗེས 

ཁྱེད་ཀྱིས་གནང་བའི་དབྱངས་གསལ་གྱི་གཟུངས་སྔགས་དེ་དག་བསྡུ་གསོག་བརྒྱབ་ཅིང 

ང་ཚོ་རང་རང་གི་ལམ་ཕྱོགས་སུ་གོམ་ཁ་མི་བསྒྱུར་ཐབས་མེད་བྱུང 

དེ་ལྟར་དབྱར་ཁ་དེར་ང་ཚོས་གྱེས་བྲལ་གྱི་ཚུལ་ཞིག་བསྟན་མོད 

འོན་ཀྱང་ཁྱེད་ཀྱིས་ཐུགས་ཁྲལ་གནང་མི་དགོས་ཏེ 

མི་ལོ་བདུན་འགོར་རྗེས་ཀྱི་དེ་རིང 

ང་ཚོས་སྔར་བཞིན་ཁྱེད་ཀྱིས་གནང་བའི་དབྱངས་གསལ་གྱི་གཟུངས་དེ་དག་ངག་ལ་གྱེར་བཞིན་ཡོད་ལ 

བློ་ཡིས་འཚོས་ནས་ཡོད

  

༤  དུས་དེ་རིང

ཤེས་མེད་ཚོར་མེད་ངང་ང་ཚོར་ཆ་རྒྱུས་ཆེ་བའི་ཁྱེད་ཀྱི་དུས་ཆེན་ཀྱི་ཉིན་མོ་འདི་བསུས་ཡོང་ལ

ཉིན་འདིར་དེ་སྔོན་བཞིན་ལ་སྒྲོན་དང་སྤྲི་གོར་སོགས་ཀྱི་སྡེར་ཁ

དེ་མིན་ཤོག་ལེབ་ཀྱི་སྟེང་དུ་བཀོད་པའི་སྙིང་གཏམ་འཇམ་པོ་དེ་དག་མེད་མོད

ང་ཚོ་ལ་མི་ལོ་སུམ་ཅུར་ཉེ་བའི་འདས་ཟིན་པའི་དགོད་སྒྲ་དང་འཛུམ་མདངས་ཡོད་དེ

དགེ་རྒན་ལགས

ཐུགས་སེམས་སྟོང་བར་མ་གནང་དང

ང་ཚོས་སྔར་བཞིན་རང་རང་གི་ས་ན་ཁྱེད་ལ་དབང་བའི་ཕ་སྐད་ཀྱི་གླུ་ངག་ལ་འགུག་བཞིན་ཡོད་ལ

སྙིང་གཏམ་འབྲི་བཞིན་ཡོད

 

༥ དགེ་རྒན་ལགས

དེ་རིང་ཁྱེད་ཀྱིས་སྐུ་ངལ་ཅིག་གསོས་དང

ང་ཚོས་ཁྱེད་ལ་དབྱངས་གསལ་གྱི་གཟུངས་དེ་སླར་ཡང་དབྱངས་ལ་འགུག

དགེ་རྒན་ལགས

དེ་རིང་ཁྱེད་ཀྱིས་ཐུགས་ལྷོད་ཅིག་གནོངས་དང

ང་ཚོས་ཁྱོད་ལ་ཕ་སྐད་ཀྱི་དབྱངས་རྟ་དེ་སླར་ཡང་མགྲིན་ལ་འདྲེན

དགེ་རྒན་ལགས

བཀའ་དྲིན་ཆེ

དགེ་རྒན་ལགས

བཀའ་དྲིན་ཆེ