སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་གཏོང་ཆོག་གི་མི་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-01   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    ཟླ8པའི་ཚེས་30ཉིན། སློབ་གསོ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྟོན་དུས་ཀྱི་སློབ་དུས་རིང་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། མིག་སྔར་ས་ཆ་ཁག་གཅིག་ལ་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་བྱས་པ་ཕུད། རྒྱལ་ཡོངས་ཀྱི་ས་ཆ་མང་ཆེ་བའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཟླ་9ཚེས་1ཉིན་བདེ་འཇགས་ངང་རྒྱུན་གཏན་ལྟར་སློབ་འགོ་ཚུགས་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་འདི་ལོའི་སྟོན་དུས་ཀྱི་སློབ་དུས་ནི་སློབ་གྲྭ་འབྲིང་ཆུང་གིས“གཉིས་གཅོག”གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་སློབ་དུས་དང་པོ་དེ་ཡིན་པས། སློབ་གསོ་པུས་ནུས་ཤུགས་ཡོད་རྒུས་སློབ་གྲྭའི་སློབ་གསོ་སྟོབས་ཆེར་དང་ལེགས་སུ་བཏང་སྟེ། དགེ་རྒན་གྱིས་སློབ་དགོས་རིགས་སློབ་ཐུབ་པ་དང་སློབ་མས་ཚང་མ་སྦྱོང་བ་དང་ལེགས་པར་སྦྱོང་ཐུབ་པ་བྱེད་པའི་བླང་བྱ་བཏོན་པ་རེད།

མིང་གང་རུང་ལ་བརྟེན་ནས་གཙོ་གནད་འཛིན་གྲྭ་འཛུགས་མི་ཆོག

    ཚོགས་འདུའི་ཐོག་བརྡ་ཁྱབ་བཏང་དོན། སློབ་དུས་གསར་པ་འགོ་ཚུགས་རྗེས་འོས་འགན་སློབ་གསོའི་སློབ་གྲྭས་དོ་སྙོམས་པོས་འཛིན་གྲྭ་འཛུགས་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་པ་ལས་མིང་གང་རུང་ལ་བརྟེན་ནས་གཙོ་གནད་འཛིན་གྲྭ་འཛུགས་མི་ཆོག་པ་དང་དགེ་རྒན་དོ་སྙོམས་པོས་བཀོད་སྒྲིག་ཐུབ་པ་བྱེད་དགོས་པ་དང་། སློབ་ཁྲིད་འཆར་གཞི་ལག་བསྟར་ནན་པོ་བྱས་ནས་སློབ་ཕྱིའི་ཞབས་ཞུའི་དུས་ཚོད་སྤྱད་དེ་སློབ་ཚན་གསར་པ་ཁྲིད་མི་ཆོག སྦྱོང་ཚན་ལ་དོ་དམ་བྱེད་པའི་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་ཁྱིམ་བདག་ལ་སྦྱོང་ཚན་བཀོད་སྒྲིག་གམ་རྣམ་པ་བསྒྱུར་ནས་སྦྱོང་ཚན་བཀོད་སྒྲིག་བྱ་རྒྱུ་གཏན་འགོག་བྱེད་པ་དང་། ཁྱིམ་བདག་ལ་སྦྱོང་ཚན་ཞིབ་བཤེར་དང་བཟོ་བཅོས་རྒྱག་ཏུ་མི་འཇུག་པ། བསྐྱར་ཟློས་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་སྦྱོང་ཚན་མི་སྐུལ་བ། སློབ་མར་རང་གི་སྦྱོང་ཚན་བཟོ་བཅོས་རྒྱག་ཏུ་མི་འཇུག་པ། ཡིག་རྒྱུགས་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་སྒྲིག་ཁྲིམས་ལས་འགལ་ནས་ཡིག་རྒྱུགས་གཏོང་མི་ཆོག་པ་དང་ཡིག་རྒྱུགས་ཀྱི་སྐར་གྲངས་ཨང་རིམ་མི་དབྱེ་བ་དང་ཁྱབ་བསྒྲགས་མི་བྱེད་པར་བྱ་ཐབས་འོས་འཚམ་སྤྱད་ནས་ཁྱིམ་བདག་དང་སློབ་མར་ཤེས་སུ་འཇུག་དགོས་པ་ལས་ཡིག་རྒྱུགས་ཀྱི་སྐར་གྲངས་ལ་གཞིགས་ནས་སློབ་མར་འཛིན་གྲྭ་ཕྱེ་བ་དང་སྡོད་ས་བཀོད་སྒྲིག་བྱེད་མི་ཆོག 

སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་གཏོང་མི་ཆོག

    སློབ་མའི་ཡིག་རྒྱུགས་ཀྱི་གནོན་ཤུགས་ཆུང་དུ་ཏན་ཏིག་གཏོང་ཆེད། སློབ་གསོ་པུས《འོས་འགན་སློབ་གསོའི་སློབ་གྲྭའི་ཡིག་རྒྱུགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཡིག་རྒྱུགས་ཕུད། དེ་མིན་གྱི་ཡིག་རྒྱུགས་ལ་ཞིབ་འབྱེད་གདམ་གསེས་ཀྱི་ནུས་པ་མེད་པ་བཏོན་ཡོད། 

    《བརྡ་ཐོའི》ནང་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་མི་གཏོང་བ་དང་། ལོ་རིམ་གཞན་དག་ལ་སློབ་གྲྭས་སློབ་དུས་རེར་སློབ་མཇུག་གི་ཡིག་རྒྱུགས་རེ་གཏོང་བ་དང་། དམའ་འབྲིང་གྱིས་རིག་ཚན་མི་འདྲ་བའི་དོན་དངོས་ལ་གཞིགས་ནས་སློབ་དཀྱིལ་ཡིག་རྒྱུགས་གཅིག་འོས་འཚམ་ངང་གཏོང་ཆོག