པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་བལ་འཐག་མཚོའི་ལྗོངས་ཁུལ་སྒོ་ཕྱེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་8པའི་ཚེས་12ཉིན།སེམས་ཀྱི་ཉི་ཟླ་པོ་ཏ་མཚོ་མཛེས་ལྗོངས་ཁུལ་བལ་འཐག་མཚོའི་ནུབ་ཐིག་ཚོད་ལྟ་ཁུལ་གྱི་སྐྱེ་ཁམས་སློབ་གསོའི་ངལ་གསོ་ལམ་ཐིག་སླར་གསོ་བྱས་པ་རེད།སྒོ་མོ་ཕྱེ་བའི་ཉིན་དང་པོར་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་འདུག ཡུལ་སྐོར་བའི་ཡུལ་སྐོར་ཁྱབ་ཁོངས་དང་མཛེས་ལྗོངས་ཁུལ་ནང་གི་ལྟ་སྐོར་རླངས་འཁོར་གྱི་འགྲོ་སྐྱོད་དེ་སྔོན་ལས་རྒྱ་ཆེ་རུ་དང་རིང་དུ་ཕྱིན་ཡོད།གཞན་ཡང་ཚེས་12ཉིན་ནས་བཟུང་པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་མི་རེར་སྒོར་68ལ་ལེགས་སྒྲིག་བྱས་པ་དང་མཛེས་ལྗོངས་ཁུལ་ནང་གི་ལྟ་སྐོར་རླངས་འཁོར་གྱི་རིན་གོང་མི་ཐེངས་རེར་སྒོར་70ལ་ལེགས་སྒྲིག་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།བལ་འཐག་མཚོའི་སྐྱེ་ཁམས་སློབ་གསོའི་ཉམས་ལེན་ཁུལ་ནས་སྤྱི་གླིང་གི་སྒོ་རའི་མཛེས་ལྗོངས་བར་སྤྱི་ལེ་8ཡོད་པ་དང་རླངས་འཁོར་ལ་བསྡད་ན་སྐར་མ་15ཙམ་འགོར་གྱི་ཡོད། ས་ཁོངས་དེར་སྲུང་སྐྱོང་ནན་པོ་ཐོབ་པས་ཡུལ་སྐོར་བས་སྤྱི་གླིང་གིས་གཏན་འཁེལ་བྱས་པའི་ས་ཁོངས་ནང་བྱེད་སྒོ་སྤེལ་དགོས།

    བལ་འཐག་མཚོའི་ལྗོངས་ཁུལ་དུ་ཉམས་ལེན་བྱེད་འདོད་ན་སྤྱི་ལེ་1ཙམ་གྱི་ཤིང་ཟམ་ལམ་དུ་རྐང་ཐང་བསྐྱོད་དེ་མཚོ་འགྲམ་གྱི་མཛེས་ལྗོངས་ལྟ་སྟེགས་སུ་བསྐྱོད་དགོས།ཉམས་ལེན་བྱས་ཚར་རྗེས།སྔོན་གྱི་ལམ་དེ་བརྒྱུད་ནས་རླངས་འཁོར་འཇོག་སར་ཕྱིར་ལོག་བྱེད་དགོས། ཡུལ་སྐོར་བྱེད་པའི་དུས་ཚོད་སྐར་མ་50ཙམ་ཟིན་གྱི་ཡོད་པ་རེད། ཡུལ་སྐོར་བས་བལ་འཐག་མཚོའི་སྐྱེ་ཁམས་སློབ་གསོའི་ཉམས་ལེན་ཁུལ་ལ་ལྟ་སྐོར་བྱས་རྗེས་མུ་མཐུད་ལྟ་སྐོར་རླངས་འཁོར་བསྡད་དེ་ཞོ་རྡོ་མཚེའུ་ལྟ་སྐོར་ཉམས་ལེན་ཁུལ་དང་གདོད་མའི་སྐྱེ་ཁམས་རྐང་ཐང་ལམ་བུ་སོགས་ས་ཁོངས་གཞན་དག་ཏུ་བསྐྱོད་ཆོག་གི་ཡོད་པ་རེད།

    བལ་འཐག་མཚོའི་ལྗོངས་ཁུལ་ནི་2017ལོར་སྒོ་བརྒྱབ་པ་རེད། སྒོ་དབྱེ་སླར་གསོ་བྱུང་རྗེས།ཡུལ་སྐོར་བ་ཁག་དང་པོའི་ཡུལ་སྐོར་བ་སྐུ་ཞབས་ཀྲང་ལགས་དང་ཁོང་གི་ནང་མི་ཚོས་གནས་འདིའི་མཛེས་ལྗོངས་ཧ་ཅང་མཛེས་པོ་འདུག རྒྱལ་ཁབ་སྤྱི་གླིང་དུ་ཕྲུ་གུ་ཚོས་རང་བྱུང་མཛེས་ལྗོངས་ལ་ཉམས་ལེན་བྱེད་ཐུབ་པ་མ་ཟད། སྣོད་བཅུད་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཡང་རྟོགས་ཐུབ་པས།དངོས་གནས་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་འདུག་ཅེས་དགའ་ཚོར་ཆེན་པོས་བཤད་བྱུང་།