​བདེ་ཆེན་གྱིས་ལོ5ནང་རྒུན་འབྲུམ་གྱི་ཐོན་ལས་ཆེན་པོ་ཞིག་གཏོད་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ་8ཚེས་4ཉིན་བདེ་ཆེན་ཁུལ་གྱིས་འཛམ་གླིང་རྩེར་སོན་ལྗང་མདོག་བཟའ་བཅའི་སྤུས་རྟགས་བཏོད་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་འཚོགས་པ་རེད།   ཤེས་རྟོགས་བྱས་པར་གཞིགས་ན། བདེ་ཆེན་ཁུལ་གྱིས་ལོ་ལྔའི་ནང་བདེ་ཆེན་གྱི་རྒུན་ཆང་དེ་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་སྤུས་རྟགས་རྩེར་སོན་མཚོན་བྱེད་རང་བཞིན་གྱི་ཐོན་རྫས་སུ་འགྱུར་བ་བྱས་ནས་རྒུན་འབྲུམ་ཐོན་ལས་དེ་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ཐོན་ལས་ཆེན་པོར་བཏོད་དེ་ཞིང་པའི་འབབ་འཕར་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

  གཅིག་ནས་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཏེ་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ།    ནུས་ལྡན་གྱི་ཁེ་ཕན་འབྲེལ་མཐུད་འདེགས་སྐྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྣེ་འདྲེན་ཁེ་ལས་དང་།   རྟེན་གཞི།  མཐུན་ཚོགས།   ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་གཞིར་བཟུང་ནས་བདེ་ཆེན་ཁུལ་གྱི་རྒུན་འབྲུམ་ཞིབ་འཇུག་དང་འདེབས་གསོའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་།      ས་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་བོན་སྐྱེད་སྲིང་བྱས་ཏེ་རྒུན་འབྲུམ་ཚན་རྩལ་ཁྱབ་གདལ་དཔུང་ཁག་འཛུགས་པ་དང་སེམས་ཀྱི་ཉི་ཟླའི་སྤུས་དག་རྒུན་འབྲུམ་དང་དེ་བཞིན་རྒུན་འབྲུམ་ཨ་རག་གི་སྤུས་རྟགས་སྐྱེད་སྲིང་ལས་གྲྭ་བཅས་སྔར་བས་ལག་བསྟར་བྱ་རྒྱུ་རེད། 

  གཉིས་ནས་སྤུས་རྟགས་ཀྱི་འཐབ་ཇུས་མཐའ་འཁྱོངས་བྱས་ནས་ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་སྤུས་རྟགས་རྩེར་སོན་མཚོན་བྱེད་རང་བཞིན་གྱི་ཐོན་རྫས་གཏོད་པ།   འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ལ་བརྟེན་ནས་རྒུན་ཆང་གྲོང་གི་ཡུལ་སྐོར་དེ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་འཆར་འགོད་ནང་མཉམ་འདྲེས་བྱེད་པ་དང་།    སྣེ་འདྲེན་ཁེ་ལས་ཀྱིས་ཐོན་ལས་གོང་འཕེལ་དང་།   སྤུས་རྟགས་གཏོད་པ།   གྲོང་གསེབ་དར་རྒྱས་གཏོང་རྒྱུ་བཅས་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་དང་གསོ་སྦྱོང་བྱས་ཏེ་བདེ་ཆེན་ཐོན་ཁུལ་གྱི་རྒུན་འབྲུམ་གྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གཏོང་རྒྱུ་རེད། 

    གསུམ་ནས་ཕྱོགས་མང་གི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་རྒུན་འབྲུམ་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།   བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་དངགམང་ཚོགས་ཀྱི་ཁེ་ཕན་འགན་ལེན་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་ཟམ་ཡག་པོ་འཛུགས་པ་དང་།   རྒུན་འབྲུམ་འདེབས་འཛུགས་ཚད་ལྡན་དུ་བཏང་ཏེ་བདེ་ཆེན་གྱི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་བསྐྱར་དུ་གཏོད་རྒྱུ་རེད།