བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ལས་རིཊ་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་།བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      2020ལོར་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་བདེ་ཆེན་གྱི་ཡུལ་སྐོར་ལས་དོན་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།   དུས་ཚིགས་དང་པོར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་གཉིས་ཀ་དུས་མཚུངས་ལས་80%ཙམ་ཆག་པ་དང་མཛེས་ལྗོངས་ཁུལ་དང་།ཡུལ་སྐོར་ལས་དོན་ཁང་། མགྲོན་ཁང་། བཟའ་བཏུང་སོགས་ལས་རིགས་ལ་དཀའ་ངལ་འཕྲད་ཡོད་པ་རེད།


    ལོ་གཅིག་གི་རྗེས་སུ་བདེ་ཆེན་གྱི་མཛེས་ལྗོངས་ཁུལ་ཚང་མའི་སྒོ་འཛིན་50%མར་བཅག་པ་དང་ཉིན་30རིང་རྒྱུ་རྐྱེན་མེད་པར་དངོས་ཟོག་ཕྱིར་སློག་བྱེད་པ།  གདོང་རིས་བཤེར་ནས་དངུལ་རིན་སྤྲད་ཆོག་པ་སོགས་ཐབས་ཤེས་དང་སྤུས་ཀ་གཉིས་ཀྱི་གནད་འགག་ལ་བརྟེན་ནས་ཡུལ་སྐོར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་འགྱུར་ལྡོག་གསར་བ་བྱུང་ཡོད། 

   སེམས་ཀྱི་ཉི་ཟླའི་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།མཛེས་ལྗོངས་ཁུལ་བསྐྱར་དུ་སྒོ་ཕྱེས་པ་ནས་བཟུང་མཛེས་ལྗོངས་ཁུལ་དུ་ཐོག་དང་པོར་ཡུལ་སྐོར་བ་ཉིན་རེར་ཆ་སྙོམས་མི་བརྒྱ་ལྷག་ཙམ་ཟིན་པ་དང་།མིག་སྔར་མི་3000ལྷག་ཙམ་བར་མང་དུ་ཕྱིན་ནས་དུས་མཚུངས་མི་གྲངས་ཀྱི་50%ཙམ་བཟུང་ཡོད། དེའི་ནང་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་དང་གནམ་གྲུར་བསྡད་ནས་ཡུལ་སྐོར་དུ་ཡོང་མཁན་མང་ཤོས་ཡིན་པ་མ་ཟད།ཁག་གཅིག་ཡུན་ནན་གྱི་ས་གནས་འདི་གའི་ཡུལ་སྐོར་བས་ཚོགས་པ་སྒྲིག་འཛུགས་བྱས་ནས་བདེ་ཆེན་དུ་ཡུལ་སྐོར་ལ་ཡོང་མཁན་རེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་དུའང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཉམས་ལེན་ཐད་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།    ཡུལ་སྐོར་བ་ཐོར་བུའམ་ཡང་ན་ཚོགས་པའི་ཡུལ་སྐོར་བ་ཉི་ཤར་ལ་ཡུལ་སྐོར་དུ་ཡོང་སྐབས། མི་མང་པོ་ཞིག་ནི་འདི་ནས་ཉིན་གཅིག་ལ་འདུག་སྲིད།   འདི་ནས་ཡུལ་བྱའི་བྱ་ཤ་ཟ་བ་དང་།   རྫ་ནག་བཟོ་ཚུལ་སྦྱང་བ།   ས་གནས་ཀྱི་ཐོན་རྫས་ཉོ་བ།  ཡུལ་འདིའི་ཁམ་བུའི་མེ་ཏོག་ལ་གཟིགས་པ་སོགས་ཡོད་པས་ང་ཚོས་ཀྱང་ཡུལ་སྐོར་བས་སེམས་ཀྱི་ཉི་ཟླ་ནས་འཚོ་བའི་རོལ་མྱོང་ཡག་པོ་ཞིག་བྱེད་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་ཡུལ་དེའི་རྫ་ནག་བཟོ་རྩལ་བ་བློ་བཟང་བྱམས་པས་བརྗོད། 

    མཚན་མོའི་དུས་ལ་ཐོན་པ་ན་རྡོ་མཁར་རྫོང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཡུལ་སྐོར་བ་ལ་ལས་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་གནའ་བོའི་ཁང་རྙིང་རེ་རེའི་བཟོ་བཀོད་ལ་ལྟད་མོ་བལྟ་བ་དང་།  ལ་ལས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ཕྱོགས་བཞི་ཁྲོམ་གཞུང་དུ་སྐོར་བྲོ་འཁྲབ་པ་མ་ཟད།ད་དུང་ཚོང་ཁང་དུ་སྐམ་ཤ་སོགས་ཁྱད་ལྡན་ཐོན་རྫས་ཉོ་བར་བྲེལ། ཡང་ལ་ལས་མ་ཎི་སྟོང་འཁོར་གྱི་མདུན་དུ་སྨོན་ལམ་འདེབས་པ་སོགས་བག་ཕེབས་ཀྱི་ངང་ནས་དགའ་སྤྲོའི་དཔལ་ལ་རོལ།གནའ་གྲོང་ནང་དུ་འཁྲུག་ཆ་དེ་འདྲ་ཡུན་རིང་མ་བྱུང་ཞིང་ད་ལྟ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ནས་ང་ཚོའི་ཚོང་ཡང་ཡག་ཏུ་ཕྱིན་སོང་ཞེས་ཚོང་ཁང་གཉེར་མཁན་ཞིག་གིས་དགའ་སྤྲོའི་ངང་བཤད།


     ད་ལྟ་ལག་ཐོགས་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་བྱེད་པའི་མཉེན་ཆས་ནང་མཛེས་ལྗོངས་ཁུལ་གྱི་སྤ་སེ་མངག་ཉོ་དང་། ཡུལ་སྐོར་གནས་ཚུལ་རྒྱུས་ལོན་སོགས་བྱེད་པའི་ཞབས་ཞུའང་འོས་སྦྱོར་བྱས་ཡོད་པས་བདེ་ཆེན་གྱི་ཡུལ་སྐོར་ལ་སྔར་ལས་ལྷག་པའི་མཛེས་ཉམས་བསྣན་ཡོད། 

     སྲིད་ཇུས་རབ་དང་རིམ་པའི་རོགས་རམ་འོག་ད་ལོའི་ལྔ་གཅིག་རིང་ཁུལ་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་19ཡིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་70%སླར་གསོ་བྱས་པ་དང་སྐར་མ་རིམ་པའི་མགྲོན་ཁང་དུ་ཡུལ་སྐོར་བ་ཞག་སྡོད་བྱེད་ཚད་80%ཙམ་ཟིན་ཡོད་པ་རེད།