དབྱར་ཚ་གདུག་ཆེ་བའི་དུས་ཀྱི་མི་རུང་བ་དྲུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-02   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

གཅིག ཞོགས་སྦྱོང་བྱེད་སྐབས་སྔ་མི་རུང་བ།

དབྱར་ཁར་ནམ་ལངས་སྔ་བས།མི་མང་པོ་ཞིག་ནངས་སྔ་ལངས་ཀྱིས་སྤྱི་གླིང་དུ་སོང་ནས་ཞོགས་སྦྱོང་བྱེད་ཀྱིན་ཡོད་མོད།འོན་ཀྱང་དབྱར་ཁའི་མཁའ་དབུགས་ནང་དུ་སྦགས་བཙོག་དངོས་པོ་མང་པོ་འདུས་པ་དང་།སྤྱིར་བཏང་གིས་སྔ་མོའི་དུས་ཚོད6གི་སྔོན་དུ་སྦགས་བཙོག་དེ་དག་ཡལ་མེད་པ་རེད།དེ་ལས་གཞན་ད་རུང་ཉི་མ་མ་ཤར་བའི་སྔོན་ལ་ལྗང་མདོག་སྐྱེ་དངོས་ཀྱི་ཉེ་འགྲམ་དུ་དབྱང་རླུང་གཙང་མ་མེད་པར་མ་ཟད།དབྱང་གཉིས་ཐཱན་འགྱུར་ཧ་ཅང་མང་པོ་བསགས་ཡོད་པ་རེད།དེ་བས་དབྱར་ཁར་ཞོགས་སྦྱོང་བྱེད་སྔ་ན་མི་བཟང་ལ་དུས་ཚོད་དྲུག་གི་སྔོན་དུ་ཞོགས་སྦྱོང་མ་བྱས་ན་བཟང་།

གཉིས། ཆུ་འཐུང་སྐབས་མགྱོགས་མི་རུང་བ།

དབྱར་ཁར་ཚ་གདུག་ཆེ་བའི་དབང་གིས་ལུས་སྟེང་གི་ཆུ་ཤོར་ཚད་ཀྱང་ཧ་ཅང་མགྱོགས་ལ།མི་མང་པོ་ཞིག་ཆུ་མགྱོགས་པོར་འཐུང་རྒྱུར་གོམས་ཡོད།གལ་ཏེ་ཆུ་མགྱོགས་པོར་འཐུང་ན།ཆུ་དེ་མྱུར་དུ་ཁྲག་རྒྱུན་ཁྲོད་དུ་འདྲེས་པས།ཁྲག་རྒྱུན་སླ་མོར་འགྱུར་བ་དང་ཁྲག་འབོར་ཇེ་མང་དུ་སོང་སྟེ།སྙིང་གི་ཁུར་པོ་ཇེ་ལྗིད་དུ་གཏོང་བ་དང་།པྲོག་དབྱིབས་སྙིང་ནད་ཡོད་པའི་མི་ལ་སྙིང་ཁམས་མི་བདེ་བ་དང་དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་ནད་རྟགས་མངོན་ཞིང་།ཚབས་ཆེ་ན་སྙིང་རྩ་འགག་པའི་ཉེན་ཁ་ཆེ།


གསུམ། མིག་ཟུང་ཉི་མར་ལྡེ་མི་རུང་བ།

མིག་ཟུང་རྒྱུན་དུ་ཉི་མ་ལྡེས་ན།མིག་གི་རྒས་ཚད་ཧ་ཅང་མགྱོགས་པ་དང་།མིག་ནད་སྣ་ཚོགས་འབྱུང་བ་རེད།གལ་ཏེ་སྔ་དྲོའི་དུས་ཚོད10དང་ཕྱི་དྲོའི་དུས་ཚོད4བར་དུ་ཕྱི་རོལ་ཏུ་འགྲོ་ན།ངེས་པར་དུ་ཉི་ཤེལ་དང་ཡང་ན་ཞྭ་མོ་གོན་པའམ་ཉི་གདུགས་འཛིན་དགོས།


བཞི། མཇིང་ཚིགས་ཀྱི་སྟེང་དུ་རླུང་རྒྱག་མི་རུང་བ།

དབྱར་ཁར་དྲོད་སྙོམས་འཕྲུལ་ཆས་ཀྱི་རླུང་དེ་མཇིང་ཚིགས་ལ་གཏད་དེ་བརྒྱབ་ན།སྐེ་རྩ་འཁུམ་པ་དང་ཡང་ན་མཇིང་ཚིགས་ན་བ་སོགས་ཀྱི་ནད་རྟགས་མངོན་སྲིད།ཁང་པའི་ནང་དུ་དྲོད་སྙོམས་འཕྲུལ་ཆས་བཀོལ་སྐབས།དྲོད་ཚད་ཏུའུ25མན་དུ་སླེབས་མི་རུང་ལ།ཕྲག་པ་དང་སྐེད་པ་སོགས་དྲོད་སྙོམས་འཕྲུལ་ཆས་ལ་གཏད་མི་རུང་།

ལྔ། ཁོར་ཡུག་ཏུ་ས་རྡུལ་ཡོད་མི་རུང་བ།

དབྱར་ཁར་བརླན་ཤས་ཆེ་བས།ས་རྡུལ་ཡོད་ཚད་མཁའ་དབུགས་ཀྱི་ནང་དུ་གཡེངས་འདུག་པ་རེད།ང་ཚོའི་མིག་གིས་ས་རྡུལ་དེ་དག་མཐོང་དཀའ་བས་རྒྱུན་དུ་སྣང་མེད་དུ་འཇོག་གིན་ཡོད་པས།མཁའ་དབུགས་ནི་རྡུལ་མན་འབུ་དང་རླམ་སྲིན་སོགས་ཀྱི་གནས་མལ་དྲོན་མོ་རུ་གྱུར་ཡོད།བཙོག་དངོས་དེ་དག་གོ་སྐབས་དང་བསྟུན་ནས་མིའི་དབུགས་ལམ་དུ་འཛུལ་བའི་དབང་གིས་ཧར་འཚང་དང་སྣ་བའི་གཉན་ཚད་སོགས་ཀྱི་ནད་རིགས་སྣ་མང་སློང་བ་རེད།




དྲུག འཁྱགས་ཟས་བཟའ་མི་རུང་བ།

དབྱར་ཁ་ནི་རྒྱུ་ལམ་གྱི་ནད་རིགས་སྣ་ཚོགས་འབྱུང་བའི་དུས་རེད།འཁྱགས་ཟས་མང་པོ་བཟའ་མི་རུང་བ་སྟེ།ནང་སྒོས་སུ་ཞོགས་པ་མལ་ལས་ལངས་མ་ཐག་དང་དགོང་མོ་ཉལ་ཁར་དེ་བས་ཀྱང་མཉམ་འཇོག་བྱེད་དགོས།ཕོ་རྒྱུའི་དྲོད་དུས་ཐོག་ཏུ་སྲུང་ཆེད་འཁྱགས་ཟས་ཟ་བའི་སྐབས་སུ་སྒ་སྐྱ་དང་སྐེ་ཕྱེ་ཉུང་ཙམ་རེ་ཟོས་ན་ཕོ་དྲོད་སྲུང་བར་ཕན་པ་ཡོད། །