རྒན་པའི་ལུས་སྦྱོང་སྐབས་ཀྱི་ནོར་འཁྲུལ་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-29   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

    གཅིག ཞོགས་པར་ལངས་ཇི་ལྟར་སྔ་ན་དེ་ལྟར་བཟང་བར་འདོད་པ། ཞོགས་སྦྱོང་བྱེད་པའི་སྐབས་སུ་གལ་ཏེ་ཧ་ཅང་སྔ་དྲགས་ན། ལུས་སྟེང་གི་སྐྱེ་དངོས་ཆུ་ཚོད་ལེགས་སྒྲིག་ཡག་པོ་བྱས་མེད་པས། སྐྱེ་དངོས་ཆུ་ཚོད་འཁྲུགས་སླ་བ་རེད། གྲོང་ཁྱེར་གྱི་སྤྱི་གླིང་དང་ལྗང་མདོག་ཐང་ཆེན། སྡེ་ཁུལ་གྱི་མེ་ཏོག་ལྡུམ་ར་བཅས་ཀྱི་ནང་དུ་ང་ཚོས་རྒྱུན་དུ་རྒན་པ་མང་པོ་ཞིག་གིས་ནམ་མ་ལངས་གོང་ནས་ལུས་སྦྱོང་བྱེད་ཀྱིན་པའི་རྣམ་པ་མཐོང་ཐུབ། དོན་དངོས་སུ་དེ་ནི་མི་འགྲིག་སྟེ། སྤྱིར་བཏང་གིས་ལྗང་མདོག་སྐྱེ་དངོས་ཀྱིས་ཉིན་གཅིག་གི་ནང་དུ་བྱེད་ལས་ཐེངས་གཉིས་ལ་འདོན་གྱིན་ཡོད་པ་སྟེ། འོད་སྦྱོར་བྱེད་ལས་དང་འབྱིན་རྔུབ་བྱེད་ལས་གཉིས་རེད། འབྱིན་རྔུབ་བྱེད་ལས་ནི་ཕྱི་དྲོ་ཉི་མ་ནུབ་རྗེས་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་བྱས་ཏེ་དབྱང་དབུགས་འབྱིན་རྔུབ་བྱས་པ་ཡིན་ལ། འོད་སྦྱོར་བྱེད་ལས་ནི་དེ་ལས་ལྡོག་སྟེ། འོད་སྣང་གི་འོག་ཏུ་ད་གཟོད་དབྱང་གཉིས་ཐཱན་འགྱུར་འབྱིན་རྔུབ་བྱས་ཏེ་དབྱང་དབུགས་ཕྱིར་གཏོང་བྱེད་ཐུབ་པ་རེད། དེ་བས་ཉི་མ་ཤར་རྗེས་སྡོང་ར་དང་ཡང་ན་སྡོང་བསིལ་འོག་ནས་ལུས་སྦྱོང་བྱས་ན་ད་གཟོད་ལུས་པོར་ཧ་ཅང་ཕན་པ་ལྡན།
    གཉིས། རྒྱུན་དུ་ཁྱིམ་ལས་ལས་བཞིན་ཡོད་པས་ལུས་སྦྱོང་བྱེད་དགོས་དོན་མེད་པར་སྙམ་པ། ཁྱིམ་ལས་ལས་ན་ལུས་པོའི་རྩོལ་ཤུགས་མི་ཉུང་བ་ཞིག་འདོན་བཞིན་ཡོད་པ་བདེན་མོད། འོན་ཀྱང་ལུས་པོའི་ཆ་ཤས་ཙམ་ཞིག་འགུལ་སྐྱོད་བྱས་པ་ལས། ལུས་པོ་ཡོངས་རྫོགས་འགུལ་སྐྱོད་བྱེད་ཀྱིན་མེད། དཔེར་ན་དུས་ཡུན་རིང་པོར་ལངས་ནས་ལས་ཀ་ལས་ན། རྐེད་པ་དང་རྐང་བ་ན་བར་མ་ཟད་སྡོད་རྩ་རྒྱས་འཁུམ་འབྱུང་སླ་བ་རེད། དེ་དང་བསྡུར་ན་ལུས་རྩལ་སྦྱོང་བརྡར་གྱིས་ལུས་སྟེང་གི་ཤ་གནད་དང་རུས་ཚིགས་རེ་རེ་འགུལ་སྐྱོད་ལེགས་པོ་བྱེད་ཀྱིན་ཡོད་ལ། སྙིང་དང་གློ་བ། མཁལ་མ་སོགས་ལའང་སྦྱོང་བརྡར་ལེགས་པོ་ཐོབ་ཀྱིན་ཡོད་པས།ལུས་པོ་ཡོངས་ལ་སྦྱོང་བརྡར་ཐོབ་ཐུབ།གསུམ། དབུགས་བསྡམས་ན་འབྱིན་རྔུབ་བྱེད་ནུས་ཇེ་མཐོར་འགྲོ་བར་འདོད་པ། རྒན་པ་རྣམས་ན་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས། གློ་ལྒང་གི་ལྡེམ་ཤུགས་ཇེ་ཆུང་དང་འབྱིན་རྔུབ་ཀྱི་ནུས་པ་རིམ་གྱིས་ཇེ་ཞན་དུ་འགྲོ་བ་རེད། གལ་ཏེ་སྐབས་དེར་དབུགས་སྡོམ་སྦྱོང་བརྡར་བྱས་ན། འབྱིན་རྔུབ་ཤ་གནད་ལ་གནོད་འཚེ་ཐེབས་པ་དང་གློ་ལྒང་གས་ཏེ་གློ་ཡུའི་ཡན་ལག་ནས་ཁྲག་བརྡོལ་བའི་གནས་ཚུལ་འབྱུང་སྲིད། །