ཆུ་ལོག་བྱུང་བའི་སྐབས་ཀྱི་རང་སྐྱོབ་བྱེད་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-28   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

    ཆར་དུས་ཐོན་པ་ལས་དབྱར་སྟོན་སྐབས་ཀྱི་ཚ་གདུང་འཇོམས་པར་བྱེད་ནའང་། ཆར་བ་ཆེན་པོ་དང་དྲག་ཆར་བབས་པ་ལས་ཆུ་ལོག་གི་གནོད་འཚེ་ཡང་འབྱུང་སླ་བ་ཡིན། དེ་ན། ཆུ་ལོག་བྱུང་བའི་སྔོན་ལ་གྲ་སྒྲིག་གང་དག་བྱེད་པ་དང་། ཆུ་ལོག་གི་ཉེན་ཁ་ལ་ཕྲད་ན་ཇི་ལྟར་རང་སྐྱོབ་བྱ་དགོས་སམ་ཞེ་ན། གཤམ་གྱི་ལེ་ཚན་འདི་རུ་དེ་འབྲེལ་གྱི་རང་སྐྱོབ་ཐབས་ཤེས་འགའ་བཀོད་ཡོད།

    1.ཆུ་ལོག་བྱུང་བའི་སྔོན་ལ་གྲ་སྒྲིག་གང་དག་བྱ་དགོས་སམ།

    ཀ རང་ཡུལ་གྱི་གནམ་གཤིས་སྔོན་བརྡ་ལ་མཉམ་འཇོག་བྱེད་པ།
    ཁ རང་ས་ཆའི་ཆུ་ལོག་གི་གནོད་འཚེ་བྱུང་སྐབས་ཀྱི་ཉེན་གཡོལ་བྱེད་གནས་དང་གནས་སྤོར་ལམ་ཐིག འབྲེལ་གཏུག་བྱེད་སྟངས་སོགས་ལ་ངེས་པར་བྱེད་པ།

    ག ས་བབ་དམའ་ཁུལ་ན་ཡོད་པའི་ཁྱིམ་ཚང་གིས་སྟབས་བདེའི་སྲོག་སྐྱོབ་ཡོ་བྱད་གྲ་སྒྲིག་བྱེད་པ།

    ང ཁ་པར་སོགས་ཀྱི་འཕྲིན་གཏོང་ལ་ཁག་ཐེག་བྱས་ཏེ་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་གཏོང་ལེན་ཐུབ་པར་བྱ་དགོས།
    ཅ ཉེན་གཡོལ་ལ་གྲ་སྒྲིག་བྱེད་པ་དང་། གནས་སྤོར་ཉེན་གཡོལ་བྱེད་དུས། བཀོད་འདོམས་ལ་ཉན་པ་དང་ཕན་ཚུན་ལ་རོགས་རམ་བྱ་དགོས། ཉེན་ཁ་མེད་པའི་བརྡ་ཁྱབ་མ་བཏང་བའི་སྔོན་ལ། སྔར་གྱི་གནས་ཡུལ་ལ་ལོག་མི་རུང་།

    2. ཆུ་ལོག་བྱུང་སྐབས་ཀྱི་ཉེན་ཡོད་ས་ཆ་གང་དག་ཡིན་ནམ།

    ཀ གྲོང་ཁྱེར་དུ། རྡིབ་ཉེན་ཡོད་པའི་སྡོད་ཁང་དང་དེའི་ཉེ་འཁོར། རྡིབ་ཉེན་ཡོད་པའི་གྱང་དང་གྱང་མཐོན་པའི་ཉེ་ས། ཆུ་ལོག་གིས་བསྣུབས་པའི་ས་འོག་ཆུ་ལམ། གཞུང་ལམ་འགྲམ་གྱི་ཆུ་དོང་། ས་འོག་བརྒྱུད་ལམ་དང་གློག་སྡོང་། མཐོ་གནོན་གློག་སྡོང་བཅས་ཀྱི་ཉེ་འཁོར། རྫས་འགྱུར་བཟོ་གྲྭ་དང་ཉེན་དངོས་གསོག་ཉར་ཁང་གི་ཉེ་འཁོར་སོགས་ནི་ཆུ་ལོག་བྱུང་སྐབས་ཀྱི་ཉེན་ཡོད་ས་ཆ་ཡིན།

    ཁ ཞིང་གྲོང་དུ། ཆུ་འགྲམ་དང་ཆུ་མཛོད། རྐ་ཁ། ཆུ་དོང་། རྡིབ་ཉེན་ཡོད་པའི་ཁང་བའི་ནང་དང་ཐོག འགྲམ། གློག་སྡོང་དང་མཐོ་གནོན་གློག་སྡོང་གི་ཉེ་འཁོར་སོགས་ནི་ཆུ་ལོག་བྱུང་སྐབས་ཀྱི་ཉེན་ཡོད་ས་ཆ་ཡིན།

    3. ཆུ་ལོག་གིས་བསྐོར་བ་ཡིན་ན་རང་སྐྱོབ་ཇི་ལྟར་བྱེད་དམ།

    ཀ ཆུ་ལོག་ཁང་བའི་ནང་དུ་བཞུར་བར་སྔོན་འགོག་བྱ་ཆེད། སྒོ་ཡི་བར་སྟོང་ཚང་མ་གཅོད་པ་སྟེ། སྒྱེ་མོ་སོགས་ཀྱི་ནང་ལ་ས་དང་བྱེ་མ་སོགས་བླུགས་ནས་ཆུ་ལོག་ཡོང་ས་གཅད་དགོས།
    ཁ ཆུ་ལོག་ཇེ་ཆེར་འགྲོ་བ་ཡིན་ན། ཁྱིམ་དུ་ཟས་རིགས་དང་འཐུང་ཆུ། ལྭ་བ་དང་ཆུ་སྐོལ་བྱེད་ཀྱི་དེམ་སོགས་གསོག་ཉར་བཟང་བོ་བྱ་དགོས། ཁྱེར་མི་ཐུབ་པའི་དངོས་པོ་རྩ་ཆེན་རྣམས་གནས་མཐོ་ས་དང་ས་འོག་ཏུ་སྦས་པ་དང་། སྨན་རྫས་དང་མེ་གཏོང་ཡོ་བྱད་སོགས་གྲ་སྒྲིག་བྱེད་པ། བརྡ་གཏོང་སྒྲིག་ཆས་ཉར་འཇོག་ལེགས་པོ་བྱ་དགོས།

    ག གནོད་འཚེ་ཐེབས་པ་ཚབས་ཆེ་ནས་གནས་སྤོར་བྱ་དགོས་ན། གནས་སྤོར་མ་བྱས་པའི་སྔོན་ལ། ཟས་ཟ་བ་དང་ཆུ་ཁོལ་འཐུང་བ་སོགས་བྱས་ནས་ལུས་སྟོབས་ལྡན་པར་ཁག་ཐེག་བྱ་དགོས།
    ང ཆུ་ལོག་གི་ནང་དུ་ལྷུང་ན། གང་ནུས་ཀྱིས་དངོས་པོ་བརྟན་པོའམ་ཡང་ན་ཆུ་ཁར་གཡེངས་པའི་དངོས་པོ་གང་རུང་ལ་འཇུས་ནས་སྲོག་ཉེན་ལས་ཐར་བར་བྱ་དགོས།

    ཅ གལ་ཏེ་ཆུ་ལོག་གིས་བསྐོར་བའི་སྡོད་ཁང་ཐོག་ཏུ་ཡོད་ན། སྡོད་ཁང་རྡིབ་མིན་ལ་མཉམ་འཇོག་བྱ་དགོས། བརྡ་གཏོང་ཡོ་བྱད་ལ་བདག་སྐྱོང་བཟང་བོ་བྱས་ཏེ་དུས་ཐོག་ཏུ་མྱུར་སྐྱོབ་སྡེ་ཁག་ལ་འབྲེལ་བ་བྱས་ནས་རོགས་མི་ཐོན་པར་བྱེད་པ་དང་། འུར་རྒྱག་པའམ་ཡང་ན་དངོས་པོ་མདོག་ཅན་སོགས་སྤྱད་ནས་སྲོག་སྐྱོབ་ཀྱི་བརྡ་གཏོང་ཐབས་བྱ་དགོས།