ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཤོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-28   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    བོད་ཀྱི་ཁྱད་ལྡན་ཐོན་ཟོག་སྐོར་གླེང་སྐབས་མི་ཕལ་ཆེ་བའི་བློ་ཡུལ་དུ་བོད་སྨན་དང་སྤོས། ཁྱད་ཟས། མི་རིགས་ཀྱི་གྱོན་ཆས་སོགས་འཆར་སྲིད། འོན་ཀྱང་ད་བར་ཉུང་མཐར་ཡང་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ཤོག་ལ་རྒྱུ་ཆ་དང་དོད་ཆེ་བ་དང་བཟོ་རྩལ་རྙོག་འཛིང་ཆེ་བ། ཁྲོམ་རར་དེ་ཙམ་བེད་སྤྱོད་མེད་པ་སོགས་ཀྱི་རྐྱེན་པས་ཀུན་གྱིས་དེ་ཙམ་རྒྱུས་མངའ་མེད་པའི་གནས་སུ་གྱར་ཡོད། ད་ཕན་ལོ་ཤས་རིང་། བོད་ཤོག་གི་ཟིན་དེབ་དང་། བོད་ཤོག་གི་ལྒང་བཞུ། བོད་ཤོག་གི་ལྟོ་ཕད་སོགས་ཁྲོམ་རར་བཏོན་པར་བརྟེན། ལོ་ངོ་སྟོང་གི་བཟོ་རྩལ་དེར་སླར་ཡང་དཔྱིད་དཔལ་བཞད།

    བོད་ཤོག་གི་སྐོར་རྗོད་སྐབས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཚེ་དབང་རིན་ཆེན་གྱིས་ཤོག་བུ་བཟོ་བའི་ལག་རྩལ་བོད་དུ་མ་དར་གོང་བོད་མི་རིགས་ཀྱིས་རྡོ་ལེབ་དང་། ཤིང་ལྤགས། ལུག་གི་རུས་པ། ཤིང་། སྨྱུག་མ། ལུག་ལྤགས་སོགས་སུ་ཡི་གེ་བརྐོ་སྲོལ་ཡོད། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བའི》ནང་རྒྱ་བཟའ་བོད་དུ་ཕེབས་སྐབས་གཙུག་ལག་སྤོར་ཐང་གི་རྩིས་དང་། སྨན་དཔྱད། བཟོ་ཡི་རིག་བྱེད་སྣ་ཚོགས་ལ་སོགས་པའི་གཞུང་མང་པོ་བསྣམས་ཡོད་ཅིང་། ཤོག་བུ་བཟོ་ཐབས་དང་པར་རྐོ། བཏུང་བ་རྩི་བཅུད་ཀྱི་སྦྱོར་ཐབས་ལ་སོགས་པའི་ལག་རྩལ་མཁས་པ་མང་པོ་ཡང་མཉམ་ཁྲིད་གནང་ཡོད་ཅེས་བཀོད་ཡོད། དེར་བརྟེན་བོད་ཤོག་ལ་ཉུང་མཐར་ཡང་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ཅེས་ངོ་སྤྲོད་བྱས།

    དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུའི་རྗེས་སུ་དེང་རབས་ཤེས་དཔལ་དང་འཕྲུལ་འཁོར་གྱིས་ཤོག་བུ་བཟོ་བའི་ལས་ཤུགས་ཆེན་དར་བར་བརྟེན། བོད་ཤོག་ཁྲོམ་ར་ནས་རིམ་གྱིས་ཡལ་ཁར། བོད་ཤོག་གི་ཐོན་སྐྱེད་བཟོ་རྩལ་རྗེས་ལུས་དང་ངལ་རྩོལ་ནུས་ཤུགས་ཟད་གྲོན་ཆེ་བ། མ་གནས་མཐོ་བ། ཐོན་ཚད་དམའ་བ་སོགས་ཀྱི་རྐྱེན་གྱིས་བོད་ཤོག་གི་བཟོ་རྩལ་ལག་རྒྱུན་ཆད་ལ་ཉེ་བའི་གནས་སུ་གྱར།

    བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ངག་དབང་བསྟན་འཛིན་གྱིས་ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་རིག་གནས་སྡེ་ཚན་གྱིས་ལྷ་མོ་དང་བོད་ཤོག་སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་ཡོངས་ཁྱབ་ཞིབ་བཤེར་དང་རྒྱུན་འཛིན། སྲུང་སྐྱོབ། འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་མཐོང་ཆེན་གནང་གི་ཡོད། བོད་ཤོག་ཁོ་ནར་ཆ་བཞག་ན། 2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་དང་2013ལོའི་ཧྲེང་ཀྲེན་རིག་གནས་སྟོན་ཚོགས། 2013ལོའི་བོད་ཀྱི་ལག་ཤེས་བཟོ་རྩལ་རྩེ་གྲ་སོགས་ལྗོངས་ཕྱི་ནང་གི་རིག་གནས་སྤེལ་རེས་ལ་ཞུགས་པར་བརྟེན། མི་དེ་བས་མང་པོ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་དེ་ཤེས་རྟོགས་དང་དེར་དགའ་པོ་བྱེད་མགོ་ཚུགས་ཡོད།