ལིའུ་ཐུང་ཅང་ཟམ་པ་ཡིས་རྫ་ཆུ་ངོཊ་ཀྱི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལིའུ་ཐུང་ཅང་གྲོང་པ་ནི་ཇ་རྟ་འདྲེན་ལམ་ཐོག་ཡུན་ནན་ནས་བོད་ལྗོངས་སུ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་ཡིན་ལ། འདི་ནས་བྱང་དུ་སོང་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4800ཡོད་པའི་སྨན་རིའི་ལ་ཁ་བརྒལ་ན་བོད་ལྗོངས་ཀྱི་ས་མཚམས་སུ་ཟིན།དེ་སྔར་རྗེས་སུ་ལུས་པའི་འགྲིམ་འགྲུལ་ཆ་རྐྱེན་གྱིས་ས་གནས་དེ་གའི་འཕེལ་རྒྱས་ལ་ཚོད་འཛིན་བྱས་ཡོད་པ་དང་། ད་ལྟར་ལིའུ་ཐུང་ཅང་གྲོང་པར་ལངས་ན་སྨི་800ཡི་ནང་ལོ་རབས་མི་འདྲ་བར་བསྐྲུན་པ་དང་རིགས་མི་འདྲ་བའི་གཙང་པོ་བརྒལ་ཐབས་སྣ་བཞི་མཐོང་ཐུབ་སྟེ་སྨྱུག་མའི་འབྲེང་ཐག་དང་སྟབས་བདེའི་ལྕགས་ཐག་ཟམ་པ། ལྕགས་ཐག་དཔྱང་ཟམ། ཕྱོགས་གཉིས་ཀྱི་འཁོར་ལམ་གཉིས་ཡོད་པའི་དེང་རབས་ཅན་གྱི་ཟམ་ཆེན་བཅས་དེ་དག་གིས་འགྱུར་ལྡོག་ཆེ་བའི་ལོ་ཟླ་བདེན་དཔང་བྱས་ཡོད་པ་དང་ལོ་བཅུ་ཕྲག་ཁ་ཤས་རིང་མི་སེར་གྱི་འཚོ་བའི་འཕོ་འགྱུར་མཚོན་ཡོད་པ་རེད།

        ལོ་ངོ་75ཟིན་པའི་ཨ་མྱེས་བློ་བཟང་ནི་ལིའུ་ཐུང་ཅང་གྲོང་པའི་ནང་སྨྱུག་མའི་འབྲེང་ཐག་བསླ་ཤེས་པའི་གྲོང་མིའི་ཡ་གྱལ་ཅིག་ཡིན་ལ། ཁོང་གི་དྲན་པའི་ཁྲོད་གྲོང་མི་མང་ཆེ་བ་ཡིས་སྨྱུག་མའི་འབྲེང་ཐག་བསླས་ཏེ་བོད་དུ་སྐྱོད་པའི་དྲེལ་པར་ཚོང་བ་ལ་བརྟེན་ནས་འཚོ་བ་རྒྱུན་འཁྱོངས་བྱས་ཡོད་པ་དང་འདི་ནི་ལིའུ་ཐུང་ཅང་གྲོང་པའི་ཆེས་སྔ་བའི་ཟམ་པ་ཡིན། བོད་དུ་སྐྱོད་པའི་དྲེལ་པ་མང་བའི་དུས་སུ་གཙང་འགྲམ་དུ་མི་རྟ་ཡིས་འཛོམས་པ་དང་སྐབས་འགར་ཉིན་བཅུ་ཟླ་ཕྱེད་སྒྲུགས་ཀྱང་འབྲེང་ཐག་བརྒལ་བར་འཁོར་མི་ཐུབ། ད་དུང་རྒྱུན་དུ་མི་དང་ཕྱུགས་ཡང་ན་དངོས་ཟོག་འབྲེང་ཐག་བརྒལ་སྐབས་གཙང་པོའི་ནང་ཟགས་བའི་གནས་ཚུལ་བྱུང་།

སྨྱུག་མའི་འབྲེང་ཐག

        1948ལོར། ས་དམ་གྱི་ཚོང་དཔོན་ལའེ་ཡའོ་ཚའེ་ཡིས་རྒྱལ་ཐང་གི་མཱ་ཀྲུའུ་ཚའེ་སོགས་ཀྱི་རྒྱབ་སྐྱོར་འོག་བཟོ་བ་ཁྲིད་ནས་ལིའུ་ཐུང་ཅང་གྲོང་པར་ལྕགས་ཐག་དང་ཤིང་ལེབ་གྲུབ་ཆ་གཙོ་བོར་བྱས་པའི་བདེ་འགོད་ཟམ་པ་ཞེས་པ་ཞིག་བཟོས་བ་དང་། ཟམ་པ་དེ་བཟོས་ནས་ཏན་བོད་ཚོང་དོན་ལ་སྟབས་བདེ་ཆེན་པོ་སྐྲུན་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་མ་ཟད།  བོད་དུ་སྐྱོད་པའི་བཅིངས་འགྲོལ་དམག་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་འཁུར་བའི་མི་རྟ་ལ་ཤར་བགྲོད་ལམ་བུ་བཏོད་དེ་བོད་ལྗོངས་ཀྱི་བཅིངས་འགྲོལ་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། 1966ལོར། སྲིད་གཞུང་གི་གཙོ་ཁྲིད་འོག་ས་གནས་དེ་གའི་མང་ཚོགས་ཀྱིས་ནུས་ཤུགས་གང་ཡོད་འདོན་ནས་བདེ་འགོད་ཟམ་པའི་འགྲམ་དུ་ལྕགས་ཐག་དང་ཤིང་ལེབ་ཀྱིས་གྲུབ་པའི་དཔྱང་ཟམ་བཟོས་པ་དང་བདེ་འཇགས་རང་བཞིན་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

ལྕགས་ཐག་ཟམ་པ།

        ཏང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཀྱིས་འཚོ་བ་ཡག་པོ་ཁྲིད་དེ་ཟམ་པ་དང་ལམ་བཟོས་ནས་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་ཆེན་དུ་བསྐྱོད་བཅུག  བདེ་འགོད་ཟམ་པ་ནས་སྨི་བརྒྱ་ལྷག་ཡོད་པའི་གཙང་ངོས་སུ་ཕྱོགས་གཉིས་ཀྱི་འཁོར་ལམ་གཉིས་ཡོད་པའི་དེང་རབས་ཅན་གྱི་ཟམ་ཆེན་འགྱིང་ངེར་གནས་ཡོད་ལ། གྲངས་ལས་འདས་པའི་རླངས་འཁོར་ལྗིད་མོ་དང་ཟོག་འདྲེན་རླངས་འཁོར།  རླངས་འཁོར་ཆུང་གྲས་སོགས་ཀྱིས་ཟམ་པ་འདི་ནས་བརྒྱུད་པ་དང་།  ཡུལ་སྐོར་བ་གྲངས་མེད་ཀྱིས་འདི་ནས་བོད་ལྗོངས་སུ་སྐྱོད་པ་དང་།  འདི་ནས་ཡུན་ནན་དུ་སྐྱོད་པ། ཟམ་ཆེན་དེ་ཡིས་ཁྲིད་པའི་འཕེལ་རྒྱས་གོ་སྐབས་ཀྱིས་གཙང་ངོགས་ཀྱི་གྲོང་པ་གཉིས་ལ་གསོན་ཤུགས་རྒྱས་སུ་བཅུག་པ། མི་སེར་ཚོས་རིམ་བཞིན་གྲོང་པ་ནས་ཐོན་ཏེ་གྲོང་ཁྱེར་དུ་ལས་ཀ་བྱེད་པར་བསྐྱོད།  གྲོང་མི་རྣམས་ཀྱིས་འཐུ་བའི་དབྱར་རྩྭ་དགུན་འབུ་དང་བེ་ཤ། དེ་བཞིན་ཞིང་ལས་ཐོན་རྫས་སྣ་ཚོགས་དུས་ཚོད་ཐུང་ངུའི་ནང་བདེ་ཆེན་ཁུལ་དང་སི་ཁྲོན། བོད་ལྗོངས་སོགས་ཀྱི་ཁྲོམ་རའི་ཐོག་འབྱོར་ནས་ཉོ་ཚོང་བྱེད་ཐུབ།

ལྕགས་ཐག་དཔྱང་ཟམ།

        སྨན་རིའི་བྱང་ཕྱོགས་ཀྱི་རྐང་ཐང་ལམ་ཐིག་གི་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཡིན་པའི་ལིའུ་ཐུང་ཅང་གྲོང་པ་ཡིས་གོ་སྐབས་དམ་འཛིན་བྱས་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་གཙང་ངོགས་ཀྱི་གྲོང་མི་རྣམས་ཀྱིས་མགྲོན་ཁང་བཙུགས་ཡོད་པ་དང་། ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ཕྲག་མང་པོ་ས་ཆ་འདི་ནས་རྐང་ཐང་ཡོང་འདུག   གྲོང་པ་ནང་ད་དུང་རྒུན་འབྲུམ་དང་སྟར་ག  སྣུམ་སྐྱུ་རུ་ར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ཡོད་པ་དང་མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་6000ཡན་ཟིན་ཡོད་པ་རེད།

ཕྱོགས་གཉིས་ཀྱི་འཁོར་ལམ་གཉིས་ཡོད་པའི་དེང་རབས་ཅན་གྱི་ཟམ་ཆེན