བུད་མེད་ཀྱིས་གཙུག་གཡུ་འདོགས་པའི་ཐོག་མའི་གོ་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-15   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

图片

    བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་རྒྱན་གོས་རིག་གནས་ཀྱིས་གནས་བབ་གལ་ཆེན་བཟུང་ཡོད་ལ། དེའི་ནང་ནས་སྔོན་པོ་གཡུ་དང་དམར་པོ་བྱུར་རུ་གཉིས་འདོགས་ཤུགས་དེ་བས་ཆེའོ། མཚོ་བོད་ས་མཐོའི་མཐོ་གྲང་ཁུལ་དུ་གནས་པའི་སྐྱེས་ཕོ་མོ་སྤྱི་དང་རྒན་དར་གཞོན་གསུམ་དབྱེར་མེད་ཀྱིས་གཡུ་བྱུར་འདོགས་སྲོལ་ཡོད་པ་མ་ཟད། དགའ་སྟོན་རྟེན་འབྲེལ་སོགས་སུ་དེ་བས་མངོན་གསལ་དོད། 
    བོད་བཙན་པོའི་དུས་སུ་སྲོང་བཙན་སྒམ་པོའི་གཅུང་མོ་སད་མ་དཀར་ཞང་ཞུང་གི་ལི་མི་རྒྱའི་བཙུན་མོར་བསྟེར་ཅིང་། ཕྱིས་སུ་བཟའ་ཚང་འཆམ་མཐུན་མ་བྱུང་བའི་ཁར་ཞང་ཞུང་རྒྱལ་པོས་བཙན་པོར་བློ་ལོག་པའི་གནས་ཚུལ་ཐོན་སྐབས། གཅུང་མོས་བཙན་པོར་འབུལ་རྟེན་ཞིག་བསྐུར་བའི་ནང་བོད་གཡུ་རྙིང་པ་ཧ་ཅང་ལེགས་པ་རྡོག་30བསྐུར་བར་གབ་ཚིག་གི་ནང་དོན་ལྡན་ཞིང་། ཚིག་རྐང་70ཡོད་པའི་མགུར་གླུ་ཞིག་བླངས་ཏེ་ཞང་ཞུང་རྒྱལ་པོ་མངའ་འོག་ཏུ་བསྡུ་དགོས་ཚུལ་བསྟན། དེ་ལས་ལོ་ངོ་སྟོང་གི་སྔོན་དུ་བོད་ཀྱི་མི་དམངས་ཀྱིས་གཡུ་བྱུར་ལ་དང་དོད་ཆེ་བ་མཚོན་ཐུབ། 

图片

    སྤྱིར་གཡུ་ལ་དབྱེ་ན་དྲུག་དཀར་དྲུག་དམར་དང་གཡུ་རྐྱང་ཞེས་པ་སོགས་ནང་གསེས་དབྱེ་བ་ལྔ་ཙམ་ཡོད། སྔ་མོའི་བོད་ཀྱི་མཁས་པ་ཁག་གཅིག་གིས་གཡུ་རྩེ་གྲ་ནི་གངས་ཅན་བོད་ཀྱི་བྲག་ལ་མ་གཏོགས་ཐོན་གྱི་མེད། གང་ལྟར་གཡུ་ཡི་ཐོན་ཁུངས་ནི་རིན་པོ་ཆེ་གཞན་ལས་དཀོན་པ་ཡོངས་གྲགས་ལྟར་རེད། དེ་སྔ་མགུལ་ལམ་རྣ་རྒྱན་དུ་གཡུ་འདོགས་པ་ནི་དཔའ་བོའི་ཆ་བྱད་དུ་བརྩི་བ་དང་གཡུ་རྣམས་སྟར་ལ་བརྒྱུས་ནས་མགོ་ལ་གྱོན་པ་ནི་བུད་མེད་ཀྱི་རྒྱན་ཆ་ལེགས་པོ་ཞིག་ཡིན་པ་དང་། ཕྱིས་སུ་ཕོ་མོ་དབྱེར་མེད་ཀྱིས་གཡུའི་མགུལ་རྒྱན་འདོགས་པ་མ་ཟད།རྣ་རྒྱན་དང་། ཚིགས་ཁེབས། ལག་གདུབ་སོགས་ལ་གཡུ་ཡི་ཕྲ་རྒྱན་རྒྱག་པ་དང་དེ་མིན་སྤྱོད་ཆས་སྣ་ཚོགས་ཐོག་ཀྱང་གཡུ་སྦྱར་སྲོལ་ཡོད། ད་དུང་ཕོར་པ་དངུལ་ཤན་སོགས་ཀྱི་མཐིལ་དུ་གཡུ་སྦྱར་བ་ནི་སྟོབས་འབྱོར་མཚོན་པ་དང་མཛེས་ཆོས་ཁོ་ནའི་ཆེད་དུ་མིན་པར། གཡུར་དུག་སེལ་གྱི་ནུས་པ་ལྡན་པས་སོ། བུད་མེད་ཀྱིས་གཙུག་གཡུ་འདོགས་པའི་ཐོག་མའི་གོ་དོན་ནི་བུད་མེད་གཉེན་སྒྲིག་བྱེད་སྐབས་བདག་པོས་གཙུག་གཡུ་འདོགས་སྲོལ་ཡོད་པས་གཉེན་སྒྲིག་ཟིན་པའི་གོ་དོན་ཡང་མཚོན་ཡོད། ད་ཆ་ཁམས་ཁུལ་སོགས་ས་ཆ་ཆ་ཤས་ཀྱི་བུད་མེད་ལ་མ་གཏོགས་གཙུག་གཡུ་འདོགས་སྲོལ་མེད་རུང་། སྔར་དབུས་གཙང་ཁུལ་དུའང་གཙུག་གཡུ་འདོགས་སྲོལ་ཡོད། 

图片

    བྱུ་རུར་དབྱེ་ན་ནག་པོ་དང་། དཀར་པོ། དམར་པོ་བཅས་ཡོད། དེ་དག་ལས་བྱུ་རུ་ནག་པོ་ནི་བྱ་རོག་མིག་འདྲ་འོད་ཟེར་འཕྲོ་ཞེས་རིན་ཐང་ཆེ་ཤོས་སུ་བརྩི་བ་དང་། དེ་ནས་བྱུ་རུ་དཀར་པོ་ཡིན་ལ་དེ་ནི་དུང་དཀར་དང་འདྲ་མོད། བྱུ་རུ་ཡང་ལ་དུང་དཀར་ལྕི་བ་ཡོད་པས་ཤེས་ཐུབ། བྱུ་རུ་དམར་པོར་ཡང་མཚལ་ཁ་དང་། དམར་སྐྱ། ཁྲག་མདོག་ཁྲོ་ཚག་ཅན་སོགས་རིགས་གསུམ་ཡོད་པ་དང་། བྱུ་རུས་ཀླད་སྐྱོན་སེལ་བ་དང་། མཆིན་ཚད་དང་། རྩ་ཚད། གློག་ཚད་བཅས་སེལ་བར་བཤད། བྱུ་རུ་ནི་རྒྱན་ཆའི་རིག་གནས་ཀྱི་གཙོ་བོ་ཡིན་པས། དེ་སྔ་གཞིས་རྩེ་ས་ཁུལ་དུ་དར་ཁྱབ་ཆེ་བའི་པ་གོར་དང་ལྷ་སའི་ཁུལ་དུ་དར་བའི་སྤ་ཕྲུག་གི་མཛེས་རྒྱན་ཕལ་ཆེ་བ་བྱུ་རུ་ཡིན་པ་དང་། ལྷག་དོན་དུ་གནའ་བོའི་རྒྱན་གོས་ཀྱི་ཚད་མར་འཇོག་པའི་རིན་ཆེན་རྒྱན་ཆ་ཞེས་པའི་ཁྲོད་ཀྱི་མགུལ་རྒྱན་ཐོག་གི་ཤལ་དཀར་དམར་ཞེས་པ་དང་། བུད་མེད་ཚོའི་རྒྱན་ཆའི་ཕུལ་དུ་བརྩི་བའི་རྒྱན་བཟང་མའི་ཆས་གོས་ཀྱི་སྐེ་རྒྱན་དཀར་ཤལ་དམར་ཤལ་ཞེས་པ་གཉིས་ཀྱི་དམར་པོའི་ཆ་ཚང་མ་བྱུ་རུར་གོ་དགོས་པ་ཙམ་མ་ཟད། ཆོས་རྫས་དང་། འཚོ་བའི་མཁོ་ཆས། སྨན་རྒྱུ་སོགས་ལ་མཁོ་ཆེ་བ་དང་། དེ་སྔ་མི་དཔོན་ཚོའི་ཞྭ་མོའི་ཏོག་ལ་སྤྱོད་སྲོལ་ཡང་ཡོད་པ་ནི་དཔོན་གནས་ཆེ་ཆུང་གི་མཚོན་དོན་ཙམ་རེད།