ལག་ཁྱེར་ཁ་པར་རྙིང་པ་མ་གཡུག་དང་བེད་སྤྱོད་འདི་འདྲ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-07   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

 ད་ལྟ་ལག་འཁྱེར་ཁ་པར་བརྗེ་ཐེངས་ཇེ་མང་ནས་ཇེ་མང་དུ་འགྲོ་གི་ཡོད།ཡིན་ནའང་བརྗེས་ཟིན་པའི་ལག་འཁྱེར་ཁ་པར་རྙིང་པ་མ་གཡུག་དང་།བེད་སྤྱོད་བྱེད་ས་མང་པོ་འདུག


རླངས་འཁོར་གྱི་ཕྱོགས་སྟོན་ཡོ་ཆས།

       རླངས་འཁོར་གྱི་ཕྱོགས་སྟོན་ཡོ་ཆས་ཤིག་ལ་རིན་གོང་ཆེས་དམའ་ནའང་སྒོར་བརྒྱ་ཕྲག་ཁ་ཤས་དགོས། གལ་ཏེ་འཆར་ཤེལ་དབྱིན་ཚུན་3.5ཡན་ཡིན་པ་མ་ཟད་GPSབྱེད་ནུས་ཡོད་པའི་ལག་འཁྱེར་ཁ་པར་རྙིང་པ་ཞིག་ཡོད་ཚེ། དེར་རླངས་འཁོར་དུ་འཇོག་བྱེད་འདེགས་སྒྲོམ་དང་ཐ་མག་སྒྲོན་བྱེད་གློག་ཁུངས་ཤིག་ཉོས་ན། སྒོར་མོ་བཅུ་ཕྲག་ཁ་ཤས་ཀྱིས་རླངས་འཁོར་གྱི་ཕྱོགས་སྟོན་ཡོ་ཆས་ཤིག་བཟོ་ཐུབ། 

       ལག་འཁྱེར་ཁ་པར་ཐོག་སྤྱོད་མང་བའི་རིན་མེད་ཕྱོགས་སྟོན་ས་ཁྲའི་མཉེན་ཆས་ཤིག་ནང་འཇུག་བྱེད་པ་དང་།སྔོན་ཚུད་དུ་དྲ་རྒྱ་མི་དགོས་པའི་ས་ཁྲ་ཕབ་ལེན་བྱས་ཚེ། དྲ་རྒྱར་མ་ཞུགས་ནའང་ལམ་ཕྱོགས་གསལ་པོར་སྟོན་ཐུབ།

འཁོར་གཏོང་ཟིན་འགོད་ཡོ་ཆས།

       རླངས་འཁོར་ཡོད་པའི་མི་རྣམས་ལ་མཚོན་ན། གློ་བུར་དོན་རྐྱེན་གྱི་རྩོད་གཞི་དང་ཀླན་ཀ་འཚོལ་བ་དང་སྙད་འདོགས་སོགས་ནི་རླངས་འཁོར་འགག་པ་ལས་ཀྱང་སེམས་ཁྲལ་ཆེ་བ་ཞིག་ཡོད། ཡིན་ནའང་འཁོར་གཏོང་ཟིན་འགོད་ཡོ་ཆས་ཡོད་ཚེ། གློ་བུར་དོན་རྐྱེན་འཕྲདསྐབས་ནག་མེད་ཉེས་འགེལ་བྱེད་པར་སྐྲག་མི་དགོས། ལག་འཁྱེར་ཁ་པར་རྙིང་པ་བསྒྱུར་བཀོད་བྱེད་པར་སྒོར་བཅུ་ཕྲག་འགའ་ལས་མི་དགོས་ཤིང་། རང་ཉིད་ཀྱིས་ལག་པ་འགུལ་ན་ཅི་ཡང་ཡོད་པར་འགྱུར་ཐུབ།

       ལག་འཁྱེར་ཁ་པར་རྙིང་པའི་ནང་དུ་འཁོར་གཏོང་ཟིན་འགོད་ཡོ་ཆས་ཀྱི་མཉེན་ཆས་ཕབ་ལེན་བྱེད་པ་དང་། དེ་ནས་རླངས་འཁོར་དུ་འཇོག་བྱེད་འདེགས་སྒྲོམ་གྱིས་སྲ་བརྟན་དུ་གཏོང་བ་དང་། ཐ་མག་སྒྲོན་བྱེད་གློག་ཁུངས་དང་སྦྲེལ་ཚེ་བེད་སྤྱོད་བྱེད་ཐུབ། བྱེད་ནུས་ཆེན་པོ་ཡོད་པ་དང་རེས་འཁོར་བརྙན་ལེན་དང་གློག་ཁུངས་དང་སྦྲེལ་ཚེ་རང་འགུལ་བརྙན་ལེན་ཡང་བྱེད་ཐུབ།

ཁྱིམ་ཚང་གི་ལྟ་འཛིན་བརྙན་མིག

       ཁྱིམ་ཚང་གི་སྤྲིན་ལམ་ལྟ་འཛིན་སྒྲིག་ཆས་ཀྱིས་ཁྱིམ་གྱི་གནས་ཚུལ་ལྟ་འཛིན་བྱེད་ཐུབ་པ་སྟེ། བྱིས་པ་དང་གཅེས་རྟེན་ལ་ལྟ་རྟོག་བྱས་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་འབྱུང་བ་སྔོན་འགོག་བྱེད་ཐུབ། ཡིན་ནའང་སྤྲིན་ལམ་ལྟ་འཛིན་སྒྲིག་ཆས་ཆ་བསྒྲིགས་ཤིག་གི་རིན་གོང་དམའ་མོ་མིན། གལ་ཏེ་ཁྱེད་རང་ལ་བེད་མེད་དུ་བཞག་པའི་རིག་ནུས་ལག་འཁྱེར་ཁ་པར་ཞིག་ཡོད་ཚེ། དེར་བརྟེན་ནས་རྒྱང་རིང་ལྟ་འཛིན་མངོན་འགྱུར་བྱེད་ཐུབ།

       ལག་འཁྱེར་ཁ་པར་ནང་དུ་ལྟ་འཛིན་མཉེན་ཆས་ཕབ་ལེན་བྱས་ཏེ། WiFiབརྒྱུད་ནས་ལག་འཁྱེར་ཁ་པར་གཞན་ཞིག་དང་བརྙན་ལམ་སྦྲེལ་མཐུད་བྱས་ཚེ། ལག་འཁྱེར་ཁ་པར་རྙིང་པ་དེ་ཁྱིམ་དུ་བཞག་སྟེ་ལྟ་འཛིན་ཡོ་ཆས་བྱེད་ཆོག་པ་ཡིན། ཐག་རིང་དུ་ཡོད་ཀྱང་ཁྱིམ་ཚང་ནང་གི་གནས་ཚུལ་གསལ་པོར་གཟིགས་ཐུབ།



ལག་འཁྱེར་ཁ་པར་པར་ཆས་སུ་བསྒྱུར་བ།

       འཚོ་བའི་ཁྲོད་ཀྱི་བདེ་སྐྱིད་ལྡན་པའི་སྐད་ཅིག་མ་ཟིན་ཐོར་འགོད་པར་པར་ལེན་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། ལག་འཁྱེར་ཁ་པར་གྱི་པར་ཆས་ཀྱི་གསལ་ཚད་སོགས་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བ་དང་པར་ལེན་བྱེད་ནུས་ཀྱང་ཡག་པོ་ཡོད། འོན་ཀྱང་པར་ཆས་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད། ཡིན་ནའང་ལག་འཁྱེར་ཁ་པར་རྙིང་པ་ཞིག་པར་ཆས་སུ་བསྒྱུར་བཟོ་བྱེད་ཐུབ་བམ་ཞེ་ན།

       ལག་འཁྱེར་ཁ་པར་ཞིག་པར་ཆས་སུ་བསྒྱུར་བཟོ་བྱ་རྒྱུ་ནི་ལས་སླ་མོ་ཞིག་ཡིན། དེར་མཐུན་ཆས་ཤིག་སྣོན་འཇུག་བྱེད་པ་དང་པར་ཆས་ཀྱི་ཤེལ་སྒོ་ཞིག་སྒྲིག་འཇུག་བྱས་ཚེ། ལམ་སེང་སྟབས་བདེའི་པར་ཆས་ཞིག་བཟོ་ཐུབ། ལྗིད་ཚད་རིམ་པ་3ཙམ་གྱིས་ཡང་བ་ཡོད་ནའང་པར་ལེན་བྱེད་ནུས་ཡག་པོ་ཡོད།

ཡིག་ཆ་གསོག་སྣོད།

       རོལ་དབྱངས་དང་། གློག་བརྙན། རོལ་རྩེད་སོགས་ལས་ཅི་ཞིག་བསུབ་ཀྱང་སེམས་ཀྱིས་མི་བཟོད། ཡིན་ནའང་ལག་འཁྱེར་ཁ་པར་གྱི་གསོག་སྣོད་མི་འདང་བའི་དྲན་སྐུལ་ཡང་ཡང་བྱེད་ཀྱི་ཡོད། སྐབས་དེར་ལག་འཁྱེར་ཁ་པར་རྙིང་པ་དེར་བེད་སྤྱོད་གཏོང་ས་ཡོད། 

       ད་ལྟའི་ལག་འཁྱེར་ཁ་པར་མང་ཆེ་བར་རང་སྟེང་དུ་8GB~32Gབར་གྱི་ནང་འཇུག་གསོག་སྣོད་ཡོད་པ་དང་། ཡིག་ཆ་བླུགས་ཐུབ་པ་མ་ཟད་གླུ་གཞས་དང་གློག་བརྙན། རོལ་རྩེད་སོགས་ཉར་ཐུབ་ཀྱི་ཡོད་ལ། ད་དུང་ལམ་སེང་བརྙན་འཕྲིན་ལྟ་བ་དང་རོལ་རྩེད་རྩེད་ཐུབ་པ་ཡིན། ཉེར་སྤྱོད་རང་བཞིན་སྒུལ་བདེའི་གསོག་སྡེར་ལས་ཡག་པ་མི་འདུག་གམ།

       གོང་གི་འདི་དག་ལ་གཟིགས་རྗེས། ཉེར་སྤྱོད་རང་བཞིན་ལེགས་པོ་ཡོད་པ་མཐོང་བྱུང་ངམ། ཉེ་འཁོར་གྱི་མི་རྣམས་ལ་གསུང་རོགས་གནང་།