ཏང་ཡོན་ལས་བྱེད་པས་དྲ་ཐོག་ནས་ཚོང་ལས་གཉེར་ཆོག་གམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

  དྲ་ཐོག་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་བསྟུན། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཤིག་ལ་སྐད་འཕྲིན་གྲོགས་ཚོམས་སོགས་སུ་ཚོང་ཙག་ཙིག་བརྒྱབ་ནས་ཞོར་གྱི་ཡོང་འབབ་བཙལ་བའི་བསམ་བློ་འདྲ་མིན་སྣ་ཚོགས་འཁོར་གྱིན་ཡོད། ཏང་ཡོན་ལས་བྱེད་པ་ལ་ལས་དྲ་ཐོག་དང་སྐད་འཕྲིན་དུ་ཚོང་རྒྱག་པ་ནི་མ་རྩ་ཉུང་ལ་ཁེ་བཟང་ཆུང་ཞིང་། དེ་ནི་ཚོང་གཉེར་དང་ཁེ་ལས་གཉེར་བར་བརྩི་བཞིན་མེད་པས་སྐྱོན་ཆེན་པོ་མེད་པར་སྙམ། དོན་དངོས་སུ་དེ་འདྲ་ཡིན་ནམ།     དྲ་ཐོག་ཚོང་ཁང་ནི་དྲ་ཐོག་ཉོ་འཚོང་སྟེགས་བུ་ནས་ཚོང་རྒྱག་སྲོལ་ཞིག་ཡིན་པ་དང་། འཕྲིན་འཚོང་ནི་སྐད་འཕྲིན་ལ་བརྟེན་ནས་དར་བའི་ཚོང་ལས་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་། དེ་གཉིས་དངོས་ཚན་ཀུང་སི་དང་མི་འདྲ་རུང་ཚང་མ་ཁེ་ཕན་དོན་དུ་གཉེར་བ་ཞིག་ཡིན་པས། ཚོང་གཉེར་དང་ཁེ་གཉེར་གྱི་ངོ་བོ་གཅིག་མཚུངས་རེད། སྲིད་གཞུང་ན་བྱ་བ་གཉེར་བའི་ཏང་ཡོན་ལས་བྱེད་པ་མི་ཉུང་བར་གོ་གནས་དབང་ཆ་ཡོད་པས། གལ་ཏེ་ཚོང་གཉེར་གྱི་ལམ་དུ་ཞུགས་ན་རང་གི་དབང་ཆ་སྤྱད་ནས་ལུགས་དང་མི་མཐུན་པའི་ཡོང་འབབ་རེག་ཐབས་བྱེད་སྲིད། ཏང་ཡོན་ལས་བྱེད་པས་དྲ་ཐོག་ནས་ཚོང་ཁང་ཕྱེ་བ་དང་སྐད་འཕྲིན་ནས་ཚོང་བརྒྱབ་ན་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་འགལ་བར་མ་ཟད་། ཐ་ན་ནག་ཉེས་བསགས་པའི་གྱོད་དཔེ་ཡང་མང་པོ་མཐོང་རྒྱུ་ཡོད།


    《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན94པའི་ནང་། འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ཁེ་ཕན་དོན་དུ་གཉེར་ཚེ། གནས་ཚུལ་ཚབས་ཆུང་བའི་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་བསྒྲག་རྒྱུ་དང་། ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་ལས་ཕུད་པའམ་ཡང་ན་ཏང་ནང་ལྟ་ཞིབ་བྱ་རྒྱུ། ཚབས་ཆེན་གྱི་རིགས་ལ་ཏང་ལས་ཕུད་རྒྱུ་བཅས་ཀྱི་གཏན་འཁེལ་གསལ་པོ་བྱས་ཡོད།  གཞན་ཡང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་དུའང་གཞུང་ལས་པ་དང་བྱ་གཞག་ཚན་པའི་ལས་དོན་མི་སྣས་སྒྲིག་འགལ་ངང་ཁེ་གཉེར་རང་བཞིན་གྱི་བྱེད་སྒོར་ཞུགས་རིགས་ལ་གཏན་ཁེལ་གསལ་པོ་ཡོད། ཉེ་བའི་ལོ་ཤས་རིང་། ས་ཆ་འགའ་ཞིག་གི་ཏང་ཡོན་དང་ལས་བྱེད་པས་དྲ་ཐོག་ནས་ཚོང་ཁང་ཕྱེ་བ་དང་སྐད་འཕྲིན་ནས་ཚོང་རྒྱག་པའི་རིགས་ལ་ཚད་གཞི་ནན་མོ་བཟོས་ཡོད་དེ། དཔེར་ན། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཡོན་ལས་བྱེད་པ་སྐོར་ཞིག་གིས་དྲ་ཐོག་ཏུ་ཚོང་ཁང་ཕྱེ་བ་དང་སྐད་འཕྲིན་ནས་ཚོང་བརྒྱབ་པས་སྒྲིག་ལམ་དང་འགལ་ཡོད་པའི་ངོས་ནས་བཅོས་སྒྲིག་བྱས་པ་ལྟ་བུའོ།།