བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མའི་རྟེན་གཞི་བདེ་ཆེན་ནས་བཙུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་བ་6པའི་ཚེས་15ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མའི་རྟེན་གཞིའི་སྒོ་ཤིང་དེ་བདེ་ཆེན་བོད་ཡིག་སློབ་འབྲིང་ནས་བཀལ།

        བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནི་སློབ་གསོ་དང་ཞིབ་འཇུག་གཅིག་ཏུ་འདུས་པའི་མི་རིགས་སྲོལ་རྒྱུན་གསོ་རིག་གི་མཐོ་རིམ་སློབ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་སློབ་ཆེན་གཅིག་པུ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་གཉིས་ཀྱིས་མཉམ་དུ་བཙུགས་པའི་སློབ་ཆེན། རྒྱལ་ཁབ་སློབ་གསོའི་སྒྲིག་གཞི་བཅོས་བསྒྱུར་འོག་གི་བོད་ལུགས་གསོ་རིག་འཇོན་ལྡན་མི་སྣ་གསོ་སྐྱོང་རྣམ་པའི་ཚོད་ལྟའི་ལས་ཁུངས། རྒྱལ་ཁབ་སློབ་གསོ་པུའུ་ཡི་སྲོལ་རྒྱུན་སྒྲིག་འཛུགས་དང་དེང་རབས་མཉམ་སྡེབ་ཀྱི་བོད་ལུགས་གསོ་རིག་དེང་རབས་ཅན་གྱི་སློབ་གསོའི་མ་ལག་དང་འཇོན་ལྡན་མི་སྣ་གསོ་སྐྱོང་རྣམ་པའི་ཚོད་ལྟའི་ས་ཁུལ། ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྲུང་ལུགས་གསོ་རིག་གལ་ཆེའི་རིག་ཚན་ལས་ཁུངས་དང་བོད་ལུགས་གསོ་རིག་ཚན་ཁག་གི་རྒྱུན་མཐུད་སློབ་གསོའི་རྟེན་གཞི་བཅས་ཡིན་པ་རེད། 

        བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་མི་རིགས་རིག་གནས་རྒྱུད་འཛིན་ཀྱི་སློབ་སྒྲུབ་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ལ་ནུས་ཤུགས་ཆེན་པོ་ཕུལ་བའི་ཤེས་ལྡན་མི་སྣ་མང་བོ་གསོ་སྐྱོང་བྱས་ཤིང་། མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མའི་རྟེན་གཞི་བདེ་ཆེན་ནས་བཙུགས་པ་འདི་བདེ་ཆེན་གྱི་སློབ་གསོ་འཕེལ་རྒྱས་ལ་མཚོན་ན་གོ་སྐབས་ཤིག་ཡིན་ལ། བདེ་ཆེན་བོད་ཡིག་སློབ་འབྲིང་གིས་ཀྱང་གོ་སྐབས་འདི་དམ་འཛིན་བྱས་ནས་བོད་ལྗོངས་བོད་ལུགས་སློབ་ཆེན་དང་འབྲེལ་འདྲེས་དམ་ཟབ་བྱས་ནས་འབད་བརྩོན་ཧུར་ཐག་གིས་རང་ཉིད་ཀྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་ཡིན་པ་རེད།