ཨ་ཆེན་གངས་རྒྱབ་ནས་གཙོད་ཁྱུ་གནས་སྤོས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-10   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

      རི་དྭགས་གཙོད་ནི་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་། གཙོད་ཀྱི་འཚོ་གནས་ས་ཆ་ནི་ས་བབ་མཐོ་ཚད་སྨི་3700ནས་5500ཟིན་པའི་མཚོ་སྔོན་དང་བོད་ལྗོངས། ཞིན་ཅང་བཅས་ཡིན། མི་རྣམས་ཀྱིས་གཙོད་ལ་མཐོ་སྒང་གི་བླ་སྲོག་ཅེས་ཀྱང་འབོད་ཀྱི་ཡོད།  གཙོད་ཀྱིས་ལོ་རེར་གནས་སྤོ་ཐེངས་རེ་བྱེད་པ་དང་། གནས་སྤོ་ཡུལ་དུ་ཕལ་ཆེར་ཉིན་བཅུ་ཕྲག་འགའ་བསྡད་རྗེས། ཡང་བསྐྱར་སྔར་གྱི་གནས་སྤོ་ལམ་ཐིག་བརྒྱུད་ནས་ཕྱིར་ལོག་གི་ཡོད། 


     རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་བསྟུན་ནས་གཙོད་ཀྱི་ཁྱུ་ཚོགས་མང་དུ་ཕྱིན་ཡོད། འོན་ཀྱང་གནས་སྤོའི་ལམ་བུར་སྔར་བཞིན་ཉེན་ཁ་ཆེན་པོ་ཡོད་པའི་རྐྱེན་གྱིས་ས་གནས་དེ་གའི་འབྲོག་པས་རང་འགུལ་ངང་སྲུང་སྐྱོང་རུ་ཁག་བཙུགས་ནས་གཙོད་ཁྱུ་བདེ་འཇགས་ངང་གནས་སྤོ་བྱ་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད།

       ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནགས་ཚལ་སྤྱི་བདེ་ཡན་ལག་ཅུས་ཀྱི་ལས་རོགས་ཉེན་རྟོག་པ་ཆོས་འཕེལ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་རེའི་ཟླ་བ་5པ་ནས་བཟུང་གཙང་གསུམ་ཆུ་འགོ་དང་བྱང་ཐང་།ཨར་ཨེར་ཅན་རི་བོའི་སྲུང་སྐྱོང་ཁུལ་བཅས་ཀྱི་གཙོད་ཕྲུག་བཙའ་ཉེར་གནས་པའི་གཙོད་ཁྱུས་ཨ་ཆེན་གངས་རྒྱབ་གྲོལ་གནས་མཚེའུ་དང་ཉི་མ་མཚོ་ཁར་གཙོད་ཕྲུག་བཙའ་བར་སྐྱོད་ཀྱི་ཡོད། 

      སྤྱི་ཟླ་6པའི་ཚེས་4ཉིན། མཚོ་བོད་གཞུང་ལམ་109ཡི་རྒྱལ་ལམ་3001དུམ་མཚམས་སུ་གཙོད་ཁྱུ་གནས་སྤོ་བྱེད་བཞིན་ཡོད། ད་ཐེངས་ཀྱི་གནས་སྤོའི་ཁྲོད་གཙོད་ཀྱི་མགོ་གྲངས་129ཟིན་གྱི་ཡོད་ལ། མ་འོངས་པའི་ཟླ་བ་3གྱི་རིང་།གྲོལ་གནས་མཚེའུ་དང་ཉི་མ་མཚོ་ཁར་གཙོད་ཕྲུག་བཙའ་རྒྱུ་ཡིན་པས། རི་སྐོར་རུ་མི་གནས་དེར་བསྐྱོད་ནས་གཙོད་ཕྲུག་བཙའ་ཉེར་གནས་པའི་གཙོད་ཁྱུ་དེ་དག་ལ་སྲུང་སྐྱེལ་བྱ་རྒྱུ་རེད།