འུར་རྡོར་རིགས་ག་ཚོད་ཡོད་མེད་ཁྱེད་ཀྱིས་ཤེས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-31   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    འུར་རྡོ་ནི་ཐག་པ་རིང་ཚད་སྤྱི་ཁྲེ་གང་དང་ཕྱེད་ཀ་ཙམ་ཡོད་པ་ལ་ཐག་པའི་དཀྱིལ་དུ་རྡོ་བླུགས་ས་འུར་མཐིལ་ཞེས་པ་ཅུང་ཞེང་ཆེ་བ་ཞིག་ཡོད་པ་ལ་ཟེར་ཞིང་། ཐག་སྣེ་གཅིག་ལ་འུར་ལྕེ་ཞེས་པ་ཐག་པ་ཕྲ་མོ་ཞིག་བསྒར་ཡོད་པས་འུར་རྡོ་འཕེན་སྐབས་འུར་ལྕེས་སྐད་སྒྲ་ཐོན་པ་དང་། ད་དུང་རྔ་དམར་གྱི་རྒྱན་ཡང་སྤྲས་སྲོལ་ཡོད། འུར་རྡོ་ལེགས་པ་ནི་སྐུད་པ་དཀར་ནག་གིས་བསླས་པའི་མིག་རིས་དགུ་ཡོད་པར་འུར་རྡོ་ཆུ་མིག་དགུ་སྒྲིལ་ཟེར། འུར་རྡོ་ནི་བོད་རིགས་ཞིང་འབྲོག་མང་ཚོགས་དང་། ལྷག་པར་འབྲོག་ཁུལ་གྱི་ཕྱུགས་རྫི་བར་མེད་དུ་མི་རུང་བའི་སྟབས་བདེ་ལ་གོ་ཆོད་པའི་ལག་ཆ་བཟང་པོ་ཞིག་ཡིན། ཞིང་པས་ཞིང་སྲུང་དང་ནགས་སྲུང། ཕྱུགས་རྫི་བ་རྣམས་ཀྱིས་ཕྱུགས་ཁྱུ་འདེད་འགུག ཕྱུགས་རིགས་ལ་གནོད་པའི་གཅན་གཟན་འགོག་པ་སོགས་བྱེད་ཐུབ་པ་མ་ཟད། ད་དུང་དགྲ་འཐབ་ཀྱི་ཐོག་མཚོན་ཆའི་གོ་ཡང་ཆོད་ཐུབ། 

    འུར་རྡོར་རྒྱུ་ཆ་མི་འདྲ་བའི་ཆ་ནས་རིགས་ཀྱང་མི་འདྲ་བ་མང་བ་སྟེ། རྩིད་པའི་འུར་རྡོ་དང་། བལ་གྱི་འུར་རྡོ། ར་སྤུའི་འུར་རྡོ། རྒྱུན་བུའི་འུར་རྡོ། དེ་བཞིན་གཙོད་དང་འབྲོང་སོགས་ཀྱི་རྩིད་པའི་འུར་རྡོ་སོགས་མང་བ་ཡོད་ཅིང་། འུར་རྡོར་དབྱེ་ན། ཁྲ་རིང་དང་། ཁྲ་ཐུང་། གཟི་རིལ་མིག་མང་། བཞི་ཐིག་རིལ། དྲུག་ལྡན་འཁྱོག བརྒྱད་ཐིག་རིལ། མདུད་པ་དགུ་སྒྲིལ། བཅུ་གཉིས་ཐིག་རིལ། བཅུ་དྲུག་དགུ་སྒྲིལ། ཤྭ་ཕོག་སྟག་བསླས། གའུ་ཁ་སྦྱོར། དཀར་ནག་མཉམ་སྒྲིལ། བྱིས་མིག་ཁ་སྦྱོར། ཆུ་མིག་དགུ་སྒྲིལ་སོགས་བཟོ་དབྱིབས་མི་འདྲ་བའི་རིགས་སྣ་ཚོགས་ཡོད། ཆུ་མིག་དགུ་སྒྲིལ་ནི་ཅུང་སླ་དཀའ་ལ། མིག་ལ་མཛེས་ཤིང་སྤུས་དག་པའི་ཐོག་དེར་མིག་དགུ་ཡོད། རིགས་མི་འདྲ་བའི་འུར་རྡོར་དེ་མཚུངས་ཀྱི་ཁྱད་ཆོས་ཀྱང་མི་འདྲ་སྟེ། སྦོམ་ལ་ཧྲག་པ་འཕེན་ཤུགས་ཆེ། ཐུང་ལ་མཉེན་པ་སྤྱོད་སྒོ་ཆེ། ལྗགས་ལྕེ་རིང་བ་སྐད་སྒྲ་ཆེ། དཀར་ནག་འདྲེས་མ་མིག་ལ་མཛེས། གྲུ་བཞི་ཤོ་འདྲ་ཕོ་གཞོན་རྒྱན། མིག་མང་ཁྲ་ཆུང་མཛེས་མའི་རྒྱན་ཞེས་ཟེར་སྲོལ་ཡོད་ཅིང་དོན་དངོས་ཀྱང་དེ་ལྟར་རེད་དོ།