ཟླ་བའི་གོ་ལའི་ཐོག་ཏུ་ཀྲུང་གོའི་ས་མིང་8གསར་དུ་བསྣན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-31   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་གནམ་དཔྱད་རིག་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉེ་སྔོན་ཀྲུང་གོས་ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་འབབ་སའི་ཉེ་འཁོར་གྱི་ཟླ་བའི་གོ་ལའི་ས་ངོས་ཆགས་ཚུལ་8ལ་མིང་འདོགས་རེ་ཞུ་ཕུལ་བའི་གྲོས་འགོར་ཆོག་མཆན་གནང་བ་དང་། ད་ལྟའི་བར་ཟླ་བའི་གོ་ལའི་སྟེང་དུ་ཀྲུང་གོའི་ས་མིང་35ཟིན་ཡོད་པ་རེད།

△རྒྱལ་སྤྱིའི་གནམ་དཔྱད་རིག་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་ས་ངོས་ཆགས་ཚུལ་གྱི་མིང་།

    ད་ཐེངས་ཀྱི་ཟླ་བའི་གོ་ལའི་ས་ངོས་ཆགས་ཚུལ་8སོ་སོར་བཏགས་པའི་མིང་ནི་གཤམ་གསལ་ལྟར།

    གནམ་གྲུའི་རྟེན་གཞི། དགུ་ཚིགས་ཁྲོད་འཕུར་སྐྱོད་བྱེད་པའི་གྲུ་གཟིངས་མཚོན་པ།

    ཧྭ་ཧྲན། ཀྲུང་གོའི་ནུབ་ཀྱི་ལྷུན་པོ་ཧྭ་ཧྲན་གྱི་མིང་བཏགས་པ།

    ཧེང་ཧྲན། ཀྲུང་གོའི་ལྷོ་ཡི་ལྷུན་པོ་ཧེང་ཧྲན་གྱི་མིང་བཏགས་པ།

    ཕའེ་ཞོའུ། ཀྲུང་གོའི་ཅིན་རྒྱལ་རབས་ནུབ་མའི་དུས་སྐབས་ཀྱི་ས་ཁམས་རིག་པ་མཁས་ཅན།

    ཧྲེན་ཁོ། ཀྲུང་གོའི་སུང་རྒྱལ་རབས་ཀྱི་གནམ་དཔྱད་རིག་པ་མཁས་ཅན་དང་རྩིས་རིག་མཁས་ཅན།

    ལིའུ་ཧུའེ། ཀྲུང་གོའི་རྒྱལ་ཁབ་གསུམ་གྱི་དུས་སྐབས་ཀྱི་ཝེ་རྒྱལ་ཁབ་ཀྱི་རྩིས་རིག་མཁས་ཅན།

    སུང་དབྱིན་ཞིང་། ཀྲུང་གོའི་མིང་རྒྱལ་རབས་དུས་མཇུག་གི་ཚན་རིག་པ། ཁོང་གི《དགོས་འདོད་གཏེར་སྒོ་འབྱེད་པའི་ལྡེ་མིག》ཅེས་པ་ནི་ཀྲུང་གོའི་དུས་རབས་17པའི་བཟོ་རྩལ་ཤེས་བྱ་ཀུན་འདུས་ཆེན་མོ་རུ་འབོད།

    ཞུས་ཀོང་ཆི། ཀྲུང་གོའི་མིང་རྒྱལ་རབས་ཀྱི་ཞིང་ལས་སྒྱུ་རྩལ་མཁས་ཅན་དང་གནམ་དཔྱད་རིག་པ་མཁས་ཅན། རྩིས་རིག་མཁས་ཅན་བཅས་ཡིན།

△གསར་དུ་བསྣན་པའི་རྒྱ་ཡིག་གི་ས་མིང་8།

      ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་ལས་འགན་གྱིས་ཀྲུང་གོའི་ཐོག་མ་ལྔ་བཏོད་པ།

     2020ལོའི་ཟླ་11ཚེས་24ཉིན། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་ཞིབ་བཟོ་བྱས་པའི་རྒྱང་སྐྱོད་ལྔ་པ་རྟགས་ཅན་རྒྱང་འཛིན་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་བྱེད་ཆས་འཁྱེར་ནས་བདེ་བླག་ངང་འཕེན་གཏོང་བྱས་ཏེ་བར་སྣང་དུ་འཕུར་བ་མ་ཟད་དེ་ཉིད་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱོད་ཡོད། 2020ལོའི་ཟླ་12ཚེས་1ཉིན། ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་ཟླ་བའི་གོ་ལའི་མདུན་ཕྱོགས་ཀྱི་སྔོན་གདམ་འབབ་སར་བབས་པ། 2020ལོའི་ཟླ་12ཚེས་17ཉིན་གྱི་ཐོ་རེངས་སུ། ཟླ་བའི་ཟླ་མོ་ལྔ་པ་རྟགས་ཅན་གྱི་ཕྱིར་ལོག་འཕྲུལ་ཆས་ཀྱིས་ཟླ་བའི་གོ་ལའི་དངོས་དཔེ་འཁྱེར་ནས་སའི་གོ་ལར་ཕྱིར་ལོག་པ་རེད།

△ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་བྱེད་ཆས་ཀྱིས་ཟླ་བའི་གོ་ལའི་ཕྱི་ངོས་སུ་རང་འགུལ་ངང་དངོས་དཔེ་འཚོལ་བསྡུ་བྱེད་བཞིན་པ།

     ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱིས་ཀྲུང་གོའི་ཐོག་མ་ལྔ་བཏོད་པ་སྟེ། ཐེངས་དང་པོར་སའི་གོ་ལའི་ཕྱི་རོལ་གྱི་གནམ་གཟུགས་ལས་དངོས་དཔེ་བསྡུ་ལེན་དང་སྒྲོམ་འཇུག་བྱས་པ། ཐེངས་དང་པོར་སའི་གོ་ལའི་ཕྱི་རོལ་གྱི་གནམ་གཟུགས་སྟེང་ནས་མེ་སྤར་ནས་འཕུར་ཞིང་ཡང་དག་པའི་སྒོ་ནས་འཁོར་ལམ་དུ་ཞུགས་པ། ཐེངས་དང་པོར་ཟླ་བའི་གོ་ལའི་འཁོར་ལམ་དུ་མི་མེད་པའི་རྩིས་སྤྲོད་དང་དངོས་དཔེ་གནས་སྤོ་བྱས་པ། ཐེངས་དང་པོར་ཟླ་བའི་གོ་ལའི་དངོས་དཔེ་འཁྱེར་ནས་འཇིག་རྟེན་གཉིས་པ་དང་ཉེ་བའི་འགྲོས་ཚད་ཐོག་ནས་ཕྱིར་ལོག་པ། ཐེངས་དང་པོར་རང་རྒྱལ་ཟླ་བའི་གོ་ལའི་དངོས་དཔེ་བསྡུ་ཉར་དང་དབྱེ་ཞིབ། ཞིབ་འཇུག་བཅས་བྱེད་པའི་མ་ལག་བཙུགས་པ་བཅས་རེད།