ས་ཡོམ་རྒྱག་སྐབས་ཡང་དག་པའི་གཡོལ་ཐབས་འདི་སེམས་ལ་བཟུང་ཞིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-25   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།

    ས་ཡོམ་རྒྱག་སྐབས་ཁང་པ་གཅིག་ཐོག་ཅན་ནམ་ཐོག་བརྩེགས་ཅན་གྱི་ནང་དུ་ཡོད་ན་ལམ་སང་ཕྱིར་ཐང་དུ་འགྲོ་དགོས་པ་དང་། ཐོག་བརྩེགས་མཐོ་པོའི་སྟེང་དུ་ཡོད་ན་ལམ་སང་ཁྱིམ་ཆས་མཁྲེགས་པོའི་འོག་དང་གྱང་ཟུར། ཡང་ན་ཁང་མིག་ཆུང་ཆུང་ནང་གབ་དགོས།   སྒོ་དང་སྒེའུ་ཁུང་། ཕྱི་གྱང་དང་ཉི་གཡབ་སོགས་སུ་འདུག་མི་རུང་། ཐོག་ཁང་ནས་མཆོང་མི་ཉན་ལ་གློག་སྐས་ལའང་སྡོད་མི་རུང་། མ་ཟད་གློག་སྒོ་དང་མེ་སྒོ་བརྒྱག་དགོས་ཤིང་།  ཁང་པའི་ཕྱི་རུ་སླེབས་རྗེས་ཁང་པ་མཐོ་པོ་དང་ཤེལ་སྒོའི་གྱང་། བསྣོལ་ཟམ་དང་གློག་ཤུགས་མཐོ་བའི་གློག་སྐུད་འོག་བཅས་ནི་ཡང་བསྐྱར་ས་ཡོམ་གྱི་གནོད་འཚེ་འབྱུང་ཉེན་ཆེ་བའི་གནས་ཡིན་པས་དོགས་ཟོན་བྱ་དགོས།

    གལ་ཏེ་ས་ཡོམ་བརྒྱབ་སྟེ་ས་འོག་ཏུ་ལུས་ན་འཚོ་གནས་ཀྱི་སེམས་ཤུགས་བརྟན་པོ་ཡོད་དགོས་པ་དང་། ལུས་ཤུགས་མ་ཉམས་པར་བྱ་དགོས་ཏེ་སྐད་ཅོར་ཆེན་པོ་རྒྱག་མི་རུང་ལ།   སོ་ཕག་དང་ལྕགས་དབྱུག་སོགས་ལག་ཆ་གང་རུང་གིས་སྦུ་གུ་དང་རྩིག་ལྡེབས་སོགས་སུ་བརྒྱབ་ནས་སྲོག་སྐྱོབ་གྱི་བརྡ་གཏོང་དགོས། ས་ཡོམ་བརྒྱབ་རྗེས་ད་དུང་ཡོམ་ལྷག་འབྱུང་ཉེན་ཆེ་བས་ལམ་སང་ཁང་པའི་ནང་ལོག་མི་རུང་། 

    ཡོམ་རྗེས་རྨས་མ་སྐྱོབ་དུས། ལམ་སང་ཁ་དང་སྣ་གཙང་སེལ་བྱས་ཏེ་དབུགས་ལམ་འབྱེད་དགོས་པ་དང་།  མགྱོགས་མྱུར་ཐོག་ཁྲག་བཞུར་སའི་ཁྲག་བཀག་ནས་རྨ་རས་ཀྱིས་དཀྲི་དགོས།   རུས་ཆག་གནས་སུ་ཆག་བཅིང་དགོས།