ཕད་མེ་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཚར་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-19   རྩོམ་ཁུངས།    མི་དམངས་དྲ་བ།

ཚེས་16ཉིན། དུས་ཡུན་ལོ་7ཉེ་བ་ཙམ་འཛུགས་སྐྲུན་བྱས་པའི་ཕད་མེ་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཚར་བ་དང་།གཞུང་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་67.22ཡོད།


    ཕད་མེ་གཞུང་ལམ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་ཕད་གྲོང་རྡལ་ནས་འགོ་ཚུགས་ཤིང་མེ་ཏོག་རྫོང་འབྲས་སྤུངས་ཤང་དུ་སླེབས་པ་ཞིག་ཡིན། 

ལམ་རྒྱུད་ཀྱི་ཨར་ལས་ཁོར་ཡུག་ཞན་ལ་འཛུགས་སྐྲུན་ལ་དཀའ་ཚེགས་ཆེ་བ་ཡོད། 2014ལོར་སྐྲུན་འགོ་ཚུགས་པ་ནས་བཟུང་། ལས་བཟོ་མི་སྣ་རྣམས་ཀྱིས་རང་ཁྱིམ་དང་བྲལ་ཞིང་རང་དོན་སྤངས་ནས་མཐོ་སྒང་དུ་ཡོང་ནས་དཀའ་ཚེགས་འདྲ་མིན་ཁྱད་བསད་དང་ནུས་ཤུགས་ཡོད་རྒུས་ཨར་ལས་སྐྲུན་པར་སྐུལ་འདེད་བཏང་བས།དེ་སྔའི་འཆར་གཞི་ལས་ཉིན་288སྔོན་ཚུད་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མེ་ཏོག་རྫོང་ནི་རྒྱལ་ཡོངས་སུ་གཞུང་ལམ་བཟོས་པའི་རྫོང་མཐའ་མའི་གྲས་ཤིག་ཡིན་པ་དང་། ཕད་མེ་གཞུང་ལམ་ནི་མེ་ཏོག་གི་གཞུང་ལམ་གཉིས་པ་དེ་ཡིན་ཞིང་། ཡུལ་དེའི་དམངས་འཚོ་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    གཞུང་ལམ་འདི་བསྐྲུན་ཚར་ནས་ཤར་གཏོང་བྱུང་རྗེས། ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་བར་གྱི་ལམ་ཐག་རིང་ཚད་སྤྱི་ལེ་180ཐུང་དུ་བཏང་ཡོད། ལམ་དུ་བསྐྱོད་པའི་དུས་ཡུན་དེ་སྔར་ཆུ་ཚོད་12དགོས་པ་ནས་ཆུ་ཚོད་4ཡས་མས་ལས་མི་དགོས་པར་བྱས་ཡོད། ཕད་མེ་གཞུང་ལམ་དེ་ཡང་རབ་ཏུ་མཛེས་པའི་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་གཞུང་ལམ་ཞིག་ཡིན།

    ལམ་བར་དུ་ནགས་ཚལ་དང་གྲོག་རོང་། གངས་རི་བཅས་དང་། ད་དུང་ཡར་ཀླུང་གཙང་པོ་སོགས་བརྒྱུད་དགོས་པས། ཡུལ་ལྗོངས་བརྗིད་ཆགས་མཚར་སྡུག་ལྡན་ལ་རི་བོ་དྭངས་ཤིང་མཛེས།