ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་རིགས་བུ་མོའི་རྒྱན་ཆ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-13   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

རྒྱུན་ཤེས་ཀྱི་དབང་དུ་བྱས་ན་མི་ལོ་ཉིས་སྟོང་ཙམ་གྱི་སྔ་རོལ་ན་རྒྱན་ཆར་རིན་ཆེན་གསེར་དངུལ་དང་། བྱུ་རུ། གཡུ། སྤོས་ཤེལ་སོགས་ལས་གྲུབ་པའི་རྒྱན་ཆ་སྣ་ཚོགས་ཡོད་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེའི་རྫོང་ཁོངས་ཀྱི་གནའ་བོའི་བང་སོ་གཉིས་ཀྱི་ནང་ནས་བསམ་ཡུལ་ལས་འདས་པའི་རྒྱན་ཆའི་རིགས་མང་པོ་རྙེད་ཡོད། དེ་ཡང《བཤད་མཛོད་ཡིད་ཀྱི་ནོར་བུ》སོགས་སུ“དེ་ནས་ཟ་ར་སྐྱེ་དྲུག་དབང་བྱས་ཏེ། ཡུལ་གྱི་མིང་ནི་སྟོང་སྡེ་བཅོ་བརྒྱད་བཏགས། རྟ་བཞོན་རྒྱན་ཆ་འདོགས་པ་དེ་ནས་བྱུང”ཞེས་གསུངས་པ་ལྟར། གཉའ་ཁྲི་བཙན་པོའི་ཡར་སྔོན་མངའ་མཛད་རྣམས་ཀྱི་དུས་སྐབས་ཤིག་ནས་རྒྱན་ཆ་སོགས་ཡོད་ཚུལ་དང་། ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་ཆབ་མདོའི་ཁ་རུབ་གནའ་ཤུལ་ལས་ཐོན་པའི་རྡོ་དང་རུས་པ་བསྣོལ་མའི་སྐེ་རྒྱན་སོགས་ལ་བསམ་ཚེ། རྗེས་ཀྱི་མི་ལོ་ཉིས་སྟོང་ཙམ་གྱི་དུས་སུ་གསེར་དང་བྱུ་རུའི་རྒྱན་ཆ་བྱུང་བ་འདི་ཡང་མཛེས་དཔྱོད་རིན་ཐང་གི་ཚད་གཞི་དང་ཤེས་རིག་ལག་རྩལ་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཀྱང་མིན་ནམ་སྙམ།


    2000ལོ་དང་2002ལོར་གནའ་རྫས་སྔོག་འདོན་ཞིབ་བཤེར་བྱས་པ་བརྒྱུད། སྣ་དཀར་རྩེའི་བང་སོ་དེ་གཉིས་ཀྱི་ནང་ནས་གསེར་དང་། ཟངས། ལྕགས། བྱུ་རུ། སྤོས་ཤེལ་སོགས་ལས་གྲུབ་པའི་དངོས་རྫས་མང་པོ་ཐོན་ཞིང་། སི་ཁྲོན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་ཧོ་ཝེ་ལགས་ཀྱིས་རྟོག་ཞིབ་བྱས་པ་བརྒྱུད། དུར་ས་དེར་ད་བར་དུ་ཕལ་ཆེར་མི་ལོ་ཉིས་སྟོང་ལ་ཉེ་བའི་ལོ་རྒྱུས་ཡོད་པའི་བདེན་དཔང་བྱས་ཡོད། འདིར་དམིགས་བསལ་ངོ་སྤྲོད་བྱེད་འདོད་པ་གཙོ་བོ་ནི་རྒྱན་ཆའི་སྐོར་རེད། སྣ་དཀར་རྩེའི་དུར་ས་སྔ་ཕྱི་གཉིས་ཀའི་ནང་ཁྱོན་གསེར་གྱི་དངོས་རྫས་སུམ་ཅུ་ལྷག་རྙེད་ཅིང་། དེའི་ནང་མང་ཆེ་བ་བུད་མེད་ཀྱི་རྒྱན་ཆ་དང་འབྲེལ་བ་ཆེན་པོ་ཡོད་པ་ཤ་སྟག་རེད། དེ་ཡང་གསེར་གྱི་སྐྲ་རྒྱན་མདོང་གཟུགས་མ་དང་། གསེར་གྱི་མཛུབ་དཀྲིས། གསེར་གྱི་རྣ་ལོང་། གསེར་གྱི་མགོ་རྒྱན་སྒོར་མོ། གསེར་དང་། བྱུ་རུ། སྤོས་ཤེལ་སོགས་ལས་གྲུབ་པའི་སྐེ་རྒྱན་སོགས་ཡོད་ལ། འདི་དག་ཚང་མ་ནི་གཤིན་པོའི་ནོར་སྐལ་དུ་དུར་སར་སྦས་པ་ཞིག་རེད་འདུག དེ་བས་མི་ལོ་ཉིས་སྟོང་ལ་ཉེ་བའི་སྔོན་ཞིག་ནས་རྒྱན་ཆ་གྱ་ནོམ་པ་འདི་ལྟ་བུ་དུར་སྦས་བྱེད་སྲོལ་ཡོད་ན། སྐབས་དེའི་དངོས་ཡོད་འཚོ་བའི་ཁྲོད་དུའང་རྒྱན་ཆ་དེ་དག་ཅི་ཙམ་དར་ཡོད་པ་ནི་སྨྲོས་མི་དགོས་པ་ཞིག་རེད།

    མི་རིགས་ཤིག་ལ་ཐུན་མོང་དུ་མངའ་བའི་མཛེས་དཔྱོད་ཀྱི་ལྟ་བ་ནི་ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་ནས་བྱུང་བ་ཞིག་ཡིན་ཞིང་། མཛེས་དཔྱོད་སེམས་ཁམས་ཀྱི་སྣང་ངོར་གཞི་མཐུན་དུ་གྲུབ་པའི་རྒྱན་ཆའི་རིགས་ཤིག་བྱུང་བ་དེའང་དེ་འདྲའི་དུས་ཐུང་ཞིག་ག་ལ་ཡིན། དེ་བས་མི་ལོ་ཉིས་སྟོང་རྗེས་ཀྱི་དེང་གི་དུས་འདིར། གསེར་གྱི་རྣ་ལོང་རྣ་ལ་བཏགས། གསེར་གྱི་མཛུབ་དཀྲིས་མཛུབ་མགོར་བསྐོན། སྐེ་ལ་བྱུ་རུའི་རྒྱན་ཆ་བཏགས་པའི་འཕྱོར་སྒེག་ལང་ཚོ་རྫོགས་ཤིང་། འཛུམ་པའི་མཛེས་ཀོང་གསལ་བའི་ན་ཆུང་བུ་མོ་ཞིག་གི་སྣང་བརྙན་ནི་ང་ཚོའི་སེམས་ཁོང་ནས་མཛེས་པའི་མཆོག་ཏུ་བགྲངས་ངེས་ཏེ། འདི་ནི་མཛེས་དཔྱོད་རིན་ཐང་ལས་མངོན་པའི་རྒྱན་ཆར་ངོས་འཛིན་ཚུལ་གྱི་ཐུན་མོང་གི་སེམས་ཁམས་ཤིག་རེད།


    གནའ་སྔ་མོའི་དུས་ནས་བཟུང་། ལྷོ་ཁའི་ཁུལ་ནི་བོད་ཀྱི་གནའ་བོའི་རིག་གནས་ཀྱི་མཚོ་མོ་འཁྱིལ་སའི་ཡོལ་གོ་ཆེན་པོ་ཞིག་ཡིན་ཞིང་། བོད་ཀྱི་ཤེས་རིག་དར་རྒྱས་ཀྱི་ལོ་རྒྱུས་ནང་གནས་བབ་གལ་ཆེན་བཟུང་ཡོད། དེ་ཡང་ཡི་གེ་ནི་ཤེས་རིག་གི་མཚོན་རྟགས་དང་ལྕགས་རིགས་ནི་ཤེས་རིག་གི་རྨང་གཞི་ཡིན་ཞེས་པ་ལྟར། བསྐལ་པ་ཡ་ཐོག་དུས་ཀྱི་བོད་ཀྱི་ཤེས་རིག་གི་དར་འཕེལ་ལ་ལྟ་སྐབས་ལྕགས་རིགས་ཀྱི་འབྱུང་བའི་གནས་ཚུལ་ལ་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གལ་ཆེའི་དོན་ཆེན་ཞིག་ཡིན་ཞིང་། ལྕགས་རིགས་དང་དེའི་བཟོ་རྩལ་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་ཁྲོད་ཀྱི་མཚོན་རྟགས་གཙོ་བོ་ཞིག་ཀྱང་རེད། དེ་བས་ན། མི་ལོ་ཉིས་སྟོང་ཙམ་ལ་ཉེ་བའི་སྔ་རོལ་དུ། ལྷོ་ཁའི་སྣ་དཀར་རྩེ་རུ་ལྕགས་རིགས་ཀྱིས་གཙོས་པའི་གསེར་གྱི་རྒྱན་ཆ་འདི་འདྲའི་རིགས་ཕུན་སུམ་ཚོགས་པོ་ཡོད་པ་དེས་ཕྱོགས་ངེས་ཅན་ཞིག་ནས་ཡ་ཐོག་དུས་སུ་བོད་ཀྱི་ཤེས་རིག་གི་འཕེལ་ཚད་ཅིག་ཀྱང་མཚོན་བཞིན་ཡོད།

ལྷོ་ཁ་སྣ་དཀར་རྩེའི་བྲག་རྒྱའུ་བང་སོའི་ནང་ནས་ཐོན་པའི་གསེར་གྱི་སྐྲ་རྒྱན་དང་། མཛུབ་དཀྲིས། མགོ་རྒྱན་སོགས་ཀྱི་པར།     ཐུན་མོང་གི་འདོད་འདུན་གྱིས་ཐུན་མོང་གི་མཛེས་དཔྱོད་བསྐྲུན་ཞིང་། མཛེས་དཔྱོད་སེམས་ཁམས་དེ་ལ་བརྟེན་ནས་ཐུན་མོང་གི་མཛེས་རྒྱན་དང་ཆ་ལུགས་གྲུབ་ཡོད། མི་ལོ་ཉིས་སྟོང་ལ་ཉེ་བའི་སྔ་རོལ་དུ་སྣ་ཚོགས་གསེར་གྱི་རྒྱན་ཆ་བུ་མོའི་ལུས་ལ་བཏགས་ཤིང་། དམར་ཆུང་བྱུ་རུའི་སྐེ་རྒྱན་ལྷེམ་ལྷེམ་མགུལ་དུ་འཁྱུད་དུས། མེས་པོ་ཤེས་རབ་ཅན་རྣམས་མཛེས་མའི་སྒེག་ཉམས་ཀྱིས་བཟི་མི་འགྲོའམ། ཕྱིར་དྲན་གྱི་རྡོག་སྣེ་རིང་དུ་བསྒྱུར་ཏེ་བསམ་གཞིག་གི་སྒོ་གླེགས་ཡངས་པོར་ཕྱེས་ནས་འཆར་སྣང་ཡན་གར་བའི་འཇིག་རྟེན་དུ་ག་ལེར་སྐྱོད་དུས། ཡུལ་དུས་ཀྱི་བགྲོད་པ་སྐད་ཅིག་མ་དེའི་ནང་ཡར་འབྲོག་གཡུ་མཚོའི་རླབས་རྒྱུན་དང་འགྲོགས་ནས་མཛེས་འཛུམ་སྙིང་དུ་སྡུག་པའི་གཞོན་ཆུང་གཟབ་མཆོར་ཅན་རྣམས་སོ་སོའི་མིག་བསོད་དུ་འཁྲུངས་ཆོག