ཕྱི་རྒྱལ་བའི་ཡུལ་སྐོར་ཚོགས་པ་ཞིག་སེམས་ཀྱི་ཉི་ཟླ་ནས་འཛོམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་5པའི་ཚེས་4ཉིན་ཀྲུང་གོ་ཡུལ་སྐོར་ཚོགས་པའི་ཀྲུང་གོ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་བ་ཡུན་ནན་དུ་ཡུལ་སྐོར་བྱེད་པ་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་རྒྱབ་སྐྱོར་འོག་ཨ་རི་དང་། ཁ་ན་ཏ། པུར་ཀ་རི་ཡ། ཐུར་ཁེ། སི་ཕེན། ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་མང་པོ་ནས་ཡོང་བའི་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་བ་15ལས་གྲུབ་པའི་ཡུལ་སྐོར་ཚོགས་པ་སེམས་ཀྱི་ཉི་ཟླར་འབྱོར་བ་རེད།

    ཉིན་འདིར་ཡུལ་སྐོར་ཚོགས་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྣེ་ཤན་པའི་སྣེ་ཁྲིད་འོག་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་།དགའ་ལྡན་སུམ་རྩེན་གླིང་།རྡོ་མཁར་རྫོང་བཅས་སུ་སེམས་ཀྱི་ཉི་ཟླའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ལ་མྱོང་རོལ་བྱས་པ་དང་།ས་གནས་དེ་གའི་ཞིང་པའི་བོད་ཁྱིམ་དུ་ཇ་བསྲུབས་མ་དང་།ཕྱུར་བ།རྩམ་པ་སོགས་ཁྱད་ལྡན་ཞིམ་ཟས་ལ་རོལ་ནས་དམངས་སྲོལ་གོམས་གཤིས་མྱོང་རོལ་བྱས་པ་རེད།

    ལྗོངས་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་དང་། ལས་བྱེད་མི་སྣས་ཡུལ་སྐོར་བར་ཁ་རས་ཡག་པོ་རྒྱབ་དགོས་པ་དང་བདེ་ཐང་ཨང་རྟགས་བཤེར་ནས་འགྲོ་འོང་བྱེད་དགོས་པའི་དྲན་སྐུལ་ཡང་ཡང་བྱེད་ཀྱི་ཡོད། ཁ་ན་ཏ་ནས་ཡོང་བའི་YOLANDAJAJAKལ་མྱོང་ཚོར་ཟབ་མོ་བྱུང་ཡོད་དེ། ཁོང་གིས་ང་ཚོས་གོ་སྐབས་འདིར་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད།ཕྱི་རྒྱལ་དུ་རིམས་ནད་བྱུང་ཚུལ་ཛ་དྲག་ཆེ་བའི་དུས་འདིར་ཀྲུང་གོས་བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་ཨང་རྟགས་སོགས་ཀྱི་བྱེད་ཐབས་བརྒྱུད་ཚང་མ་རང་མོས་དང་བདེ་འཇགས་ངང་ཕྱིར་བསྐྱོད་རྒྱུ་འགན་ལེན་བྱེད་ཀྱི་ཡོད་པས་ཧང་སངས་དགོས་པ་ཞིག་ཡོད།དེས་ཀྱང་ཡུལ་སྐོར་བྱེད་སྒོ་དེ་རིགས་ལ་རིན་ཐང་དེ་བས་ཆེ་བ་ལྡན་པར་གྱུར་ཡོད་ཅེས་བཤད། 

    YOLANDA AJAKཡིས་ང་ཀྲུང་གོའི་གྲོང་ཁྱེར་མང་པོར་སླེབས་མྱོང་། སེམས་ཀྱི་ཉི་ཟླ་ནས་མཚོ་རྒྱུད་གྲོང་ཁྱེར་དང་མི་འདྲ་བའི་མཛེས་ལྗོངས་མཐོང་བྱུང་། གནས་འདིའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱས་ཡོད་པས། རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་སེམས་ཀྱི་ཉི་ཟླར་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་དེ་བས་མང་བ་འོས་སྦྱོར་བྱེད་ཀྱི་ཡིན་ཞེས་བཤད།

    གོམ་སྟབས་རྗེས་མར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོ་ད་དུང་ནགས་ཕག་མཚོ་དང་སྟག་མཆོང་གྲོག་རོང་སོགས་ལྗོངས་ཁུལ་དུ་ཡུལ་སྐོར་ལ་བསྐྱོད་རྒྱུ་རེད།

བྱེད་སྒོ་འདིས་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་རང་ཁུལ་གྱི་ཡུལ་སྐོར་ལས་རིགས་སླར་གསོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་མངོན་ཡོད་པ་མ་ཟད། ད་དུང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་འདི་ཉིད་འཛམ་གླིང་ཐོག་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།