རྒྱལ་ཐང་སྔགས་འཕེལ་དགོན་གྱི་འཐུང་ཆུ་གཙང་མ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླའི་ཡུལ་ན་གྲགས་སྙན་ཤིན་ཏུ་ཆེ་བའི་འཐུང་ཆུ་ཞིག་ཡོད་པ་དང་།  ཆུ་དེ་འཐུང་ལོབས་སུ་སོང་ཡོད་པའི་མི་ཞིག་ཡིན་ན་ཆུ་དེ་ལ་བསྟོད་བསྔགས་མི་བྱེད་མཁན་མེད་ཅིང་། རང་འབབ་ཆུ་དང་ཤེལ་དམ་ནང་གི་གཏེར་ཆུ་གང་འཐུང་ན་ཡང་ཆུ་དེ་ལ་གཏན་ནས་མི་དོ་བར་བཤད།   ང་ཡང་ཆུ་འདི་འཐུང་བར་ཤིན་ཏུ་དགའ་ཞིང་།   ཐོག་དང་པོར་འཐུང་དུས་ཆུ་ཁོལ་རྗེས་ཚ་ངད་གཞན་ལས་ཆེ་བ་མ་གཏོགས་བྲོ་བ་ཤེས་དཀའ་ན་ཡང་།   རིམ་བཞིན་ཆུ་འདི་འཐུང་ན་མངར་ཆའི་བྲོ་བ་ཅུང་ཙམ་ལྡན་པ་དང་།   ཇ་སྦངས་ནས་འཐུང་ནས་ལྷག་པར་ཞིམ་པའི་ཚོར་བ་སྐྱེས་ཡོང་།   རིམ་བཞིན་འབྲས་བཙོ་བ་དང་ཐུག་པ་བཟོ་བར་ཆུ་འདི་ལྷག་པར་བཟང་བའི་ངེས་ཤེས་སྐྱེས།  གཟའ་མཇུག་གི་དུས་ཚོད་ལ་ང་ནི་ཆེད་དུ་ཆུ་སྣོད་འཁྱེར་ནས་དགོན་པའི་ནང་ལ་ཆུ་གཙང་མ་འདི་ལེན་དུ་འགྲོ་བཞིན་ཡོད།

      

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་ཏེ།  སྲམ་སྣ་ཆུ་མཛོད་ཀྱི་གཡོན་ཕྱོགས་ན་སྔགས་འཕེལ་གྲོང་ཚོ་ཞེས་པ་ཆགས་ཤིང་དེ་ཡི་རི་རྩེ་ན་སྟག་ལུང་བཀའ་བརྒྱུད་པའི་དགོན་སྡེ་ཆེན་པོ་རྒྱལ་ཐང་སྔགས་འཕེལ་དགོན་ཞེས་པའི་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཅིང་།ཕྱོགས་བཞིའི་ཁོར་ཡུག་ཡོངས་གདོད་མའི་ནགས་ཚལ་གྱིས་བསྐོར་བའི་དབེན་གནས་ཉམས་དགའ་བ་ཞིག་མཆིས་ཤིང་།   དེའི་ནང་ན་དྭངས་གཙང་གི་ཆུ་མིག་དེ་བརྡོལ་གྱི་ཡོད།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་དགོན་པའི་བར་དུ་སྤྱི་ལེ་བཞི་ལྔ་ཙམ་ལས་མེད་ཅིང་ཆུ་ལེན་པར་སྟབས་ཀྱང་བདེ་བས་ཆུ་མིག་དེ་ནི་རྒྱ་བོད་འཇང་གསུམ་གྱི་མི་དམངས་མང་ཚོགས་ཀྱི་སྐོམ་གདུང་སེལ་བའི་རྒྱན་དུ་བྱོན་པ་དང་འདྲ།  ཞོགས་པའི་ཆུ་ཚོད་དྲུག་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་པའི་བར་ཆུ་ལེན་མཁན་ཟམ་མ་ཆད་པར་ཡོད།   དེ་ཡང་སྔར་ཡིན་ན་ཆུ་གཙང་མ་འདི་ལེན་ན་ཆུ་སྦུག་གཉིས་ལས་མེད་པས་མི་རྣམས་དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་ནས་ཆུ་ལེན་དགོས་པས་གཟའ་མཇུག་མི་མང་དུས་ཐ་ན་དུས་ཚོད་བཞི་ལྔ་དང་དེའི་ཡན་ལ་གྲལ་བསྒྲིགས་ནས་སྒུག་དགོས་དུས་ཀྱང་ཡོད།  

    ཉེ་ཆར་དགོན་པའི་ལམ་རྙིང་ལ་སྣུམ་ལམ་བཏང་བས་འགྲོ་འོང་བྱེད་པར་སྟབས་ཇེ་བདེ་བསྐྲུན་ཡོད་ཅིང་།    མི་རྣམས་ཀྱིས་ཆུ་ལེན་ན་དུས་ཡུན་རིང་བོར་སྒུག་དགོས་པའི་གནས་ཚུལ་ལ་དམིགས་ནས་སྔགས་འཕེལ་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་ཆུ་མིག་གི་ཡན་ལག་ཅིག་དགོན་པའི་རྒྱབ་ཏུ་འཐེན་ནས་རང་འབབ་ཆུ་ལྟར་བླངས་ཆོག་པས་ཆུ་ལེན་མཁན་ཚོས་དམངས་སྒོར་བཅུ་སྤྲད་ན་ཆུ་སྣོད་ཅི་ཙམ་ཡོད་ཀྱང་ཆུ་བླངས་ཆོག་ལ།   དུས་ཚོད་མི་འགོར་བའི་ཁར་ཡུལ་མི་རྣམས་ཀྱིས་ཆུ་ལེན་རོགས་ཀྱང་བྱེད།   ཆུ་བླངས་ཚར་ན་ཆུ་སྦུག་གི་སྒོ་ཐད་ཀར་གཏན་ཆོག་པས་ཆུའི་ཐོན་ཁོངས་མི་བརླག་པར་ཀྱང་ཤིན་ཏུ་ཕན་པ་འདུག     

    ཡུལ་དེར་ཆུ་ལེན་མཁན་གྱི་རྒྱལ་ཐང་བུ་མོ་ཞིག་ལ་འཐུང་ཆུ་འདི་ལ་གཞན་ལས་ལྷག་པའི་དགེ་མཚན་ཅི་ཞིག་ཡོད་མེད་དྲིས་པ་ན། ཁོ་མོས་ཆུ་འདིས་ཇ་བསྐོལ་བ་དང་།   ཟ་མ་ལས་ན་ཁ་ལ་ཞིམ་ཞིང་ཁོག་ལ་བདེ་བའི་ཁྱད་ཆོས་ལྡན།ངེད་བཟའ་མི་གང་བོས་ཆུ་འདི་འཐུང་ནས་ལོ་ངོ་བདུན་བརྒྱད་ཙམ་འགོར་བ་དང་གཟའ་འཁོར་གཅིག་ལ་ཐེངས་གཅིག་རེ་ལེན་གྱི་ཡོད།  ད་ཆ་ཆུ་འདི་འཐུང་ནས་གོམས་ལོབས་སུ་སོང་ཡོད་པས་ཆུ་གཞན་པ་འཐུང་ན་བདེ་སྣང་མི་འདུག་ཅེས་དགའ་སྣང་གི་ངང་ནས་དེ་ལྟར་བཤད་བྱུང་།  གང་ལྟར་སྔགས་འཕེལ་དགོན་གྱི་ཆུ་ཟེར་ན་རྒྱལ་ཐང་ཡུལ་དུ་མིང་གྲགས་ཆེན་པོ་ཡོད།

    གཞན་ཡང་སྒྲུབ་པའི་གནས་མཆོག་འདིའི་ཁོར་ཡུག་ན་ལོ་བརྒྱ་ཕྲག་དུ་མའི་རིང་གི་ལྷ་ཤིང་ཤུག་སྡོང་མང་དུ་མཆིས་ཤིང་།   གདོད་མའི་ནགས་ཀློང་ནི་སུན་སྣང་གི་ངལ་དུབ་སེལ་ས་དང་རང་བྱུང་ཁམས་དང་ཉེ་བར་བཅར་སའི་གནས་མཆོག་ཅིག་ཀྱང་ཡིན་ནོ།།