གུང་གསེང་རིང་བདེ་ཆེན་ཁུལ་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ད་ལོའི་ལྔ་གཅིག་གུང་གསེང་རིང་།བདེ་ཆེན་ཁུལ་གྱི་ལྗོངས་ཁུལ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས།བདེ་ཐང་ཨང་རྟགས་བཤེར་བ་དང་།གཟུགས་པོའི་དྲོད་ཚད་འཇལ་བ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་སྐོར་བ་སྣེ་ལེན་ཞུས་པས།གུང་གསེང་གི་ཉིན་འདི་དག་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་འདུག

སྟག་མཆོང་གྲོག་རོང་ལྗོངས་ཁུལ།

    སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཟླ་5པའི་ཚེས་1ཉིན་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཞིང་།ཉིན་དེར་སྟག་མཆོང་གྲོག་རོང་གི་རང་འགུལ་སྐས་འཛེག་གི་འཁོར་སྐྱོད་མཛད་སྒོ་དང་IPགཟུགས་བརྙན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྒྱུར་བཀོད་བྱས་རྗེས་ཀྱི་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་རྩེད་སྟངས་གསར་པ་སྣ་ཚོགས་གྲ་སྒྲིག་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན།ཟླ་5པའི་ཚེས་1ཉིན་དང་ཚེས་2ཉིན་གཉིས་ལ་ཡུལ་སྐོར་བ་10000ལྷག་ཙམ་སྣེ་ལེན་ཞུས་པ་རེད།

དགའ་ལྡན་སུམ་རྩེན་གླིང་།

    ཟླ་5པའི་ཚེས་2ཉིན་དགའ་ལྡན་སུམ་རྩེན་གླིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཚེས་1ཉིན་ལྗོངས་ཁུལ་དུ་ཡུལ་སྐོར་བ་2600ཡོད་པ་དང་ཚེས་2ཉིན་མི་5000ལྷག་ཙམ་ཟིན་ནས་ཡུལ་སྐོར་བ་ལྡབ་འགྱུར་འཕར་སྣོན་བྱུང་ཡོད་པས། སུམ་རྩེན་གླིང་ལྗོངས་ཁུལ་དུ་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། འོན་ཀྱང་དེ་དང་ཆབས་ཅིག ལྗོངས་ཁུལ་ཡིན་ནའང་འདྲ་ཡང་ན་ཡུལ་སྐོར་བ་ཡིན་ནའང་འདྲ་ཚང་མས་རིམས་འགོག་འདུ་ཤེས་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ཀྱི་མེད།

འབའ་ལྷག་དཀར་རྫོང་།

    ཟླ་5པའི་ཚེས་2ཉིན་གྱི་ཞོགས་པ་སྔ་མོ་ནས་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་ཡོང་ནས་མཛེས་ལྗོངས་དང་ཞིམ་ཟས་ལ་རོལ་ཏེ།ས་མཐོར་ཡུལ་སྐོར་བྱེད་པའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད་པ།ཉིན་དེའི་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་2000ལས་བརྒལ་ཡོད་པ་རེད།འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་སྐོར་བ་སྣེ་ལེན་ཞུ་བ་དང་དུས་ཆེན་རིང་ད་དུང་སྒོ་འཛིན་དང་མགྲོན་ཁང་གི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད།

དངོས་མང་བཤམས་སྟོན་ཁང་།

    ལྔ་གཅིག་གུང་གསེང་རིང་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་དང་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་རྒྱུན་མི་ཆད་པར་འདུག ཡུལ་སྐོར་བས་འགྲེམས་རྫས་དང་།སེམས་ཀྱི་ཉི་ཟླའི་དྲིལ་བསྒྲགས་པར་གཞི་སོགས་ལ་བལྟས་ནས།བདེ་ཆེན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤེས་རྟོགས་དང་རིག་གནས་ཀྱི་དྲན་འཆར་འཚོལ་ཞིབ་བྱས་པ་རེད།ཟླ་5པའི་ཚེས་3ཉིན་བར་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་མཁན་མི་ཐེངས་4300ལྷག་ཙམ་ཟིན་ཡོད་པ་རེད།

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

    ཟླ་5པའི་ཚེས་3ཉིན་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནས་ཤེས་རྟོགས་བྱུང་བར།“ལྔ་གཅིག”ངལ་གསོའི་ཉིན་གསུམ་ལ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ལྗོངས་ཁུལ་དུ་ཡུལ་སྐོར་བ་མི་གྲངས་12682སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་81.2%འཕར་ཡོད།