བརྩེ་བ་ང་ལ་དབང་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-01   རྩོམ་ཁུངས།   


བརྩེ་བ་ང་ལ་དབང་རོགས།

གཞས་ཚིག ཁ་གྱའི་ཁྱུང་སྔོན།

དབྱངས། རྟ་མགྲིན་ཚེ་རིང་།

ལེན་མཁན། སངས་རྒྱས་སྒྲོལ་མ།

བརྩེ་བ་སྲད་བུ་ཕྲ་མོར།

སེམས་ཀྱི་དམ་ཚིག་བཏགས་ཡོད།

དམ་ཚིག་གསེར་གྱི་མེ་ཏོག

ཚེ་ཡི་གོང་བར་བཙུགས་ཡོད།

ཨ་ལ་ཡེ་་་་རྨི་ལམ་ཆུ་མོའི་གཞུང་ནས་ཆུང་དུས་ལ་ཡེ་་་

དྲན་ཤིང་ཡིད་ཀྱི་འདབ་ལོ་་་་ཨ་ལ་ཡེ་་་་་སྙིང་གི་དབུས་ན་བཞད་པ་་་་

མི་ཚེ་ལང་ཚོའི་མེ་ཏོག    ང་ལ་དབང་ན་ཆོག་ག

སེམས་ཀྱི་སྐར་ཁུང་ངོས་ལ།

སྐར་མའི་ཕྲ་རྒྱན་བཏགས་ཡོད།

ཕྲ་རྒྱན་གཡུ་བྱུར་རྒྱུན་ཐག

སེམས་པས་ཡང་ཡང་བསྡམས་ཡོད།   

ཨ་ལ་ཡེ་་་་འཛུམ་མདངས་འོ་མའི་ནང་ནས་ཆུང་དུས་ལ་ཡེ་་་

སྙིང་གཏམ་མར་གྱི་རི་ལུ་་་་ཨ་ལ་ཡེ་་་སུ་ཡི་ཞེ་ན་སྣུམ་ཡོད།

མི་ཚེ་གཡང་གི་ནོར་བུ།    ང་ལ་དབང་ན་ཆོག་ག

ཚེ་སྔོན་ལས་འཕྲོའི་ནང་གི

བརྩེ་བ་ཡི་གེར་ཕབ་ཡོད།

ཡི་གེ་ཆུ་ལ་མ་ཟེགས།

འོད་མདངས་རི་མོར་འཁྱིལ་ཡོད།

ཨ་ལ་ཡེ་་་་སེམས་ཀྱི་མེ་ལོང་ནང་ནས་ཆུང་དུས་ལ་ཡེ་་་

འདབ་དྲུག་མེ་ཏོག་སེར་ཆེན་་་་ཨ་ལ་ཡེ་་་སུ་ཡི་བློ་ན་འཛུམ་ཡོད།

མི་ཚེ་སེམས་ཀྱི་བདེ་སྐྱིད།    ང་ལ་དབང་ན་ཆོག་ག