སྟག་མཆོང་གྲོག་རོང་ལྗོངས་ཁུལ་ཟླ་5ཚེས་1ཉིན་ནས་སྒོ་འབྱེད་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2021ལོའི་ཟླ་5པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་8པར་སྟག་མཆོང་གྲོག་རོང་ལྗོངས་ཁུལ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལ་སྣེ་ལེན་ཞུ་རྒྱུ་རེད།

    སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་ནས་འཇོལ་རི་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དང་སྟག་མཆོང་གྲོག་རོང་ནས་འབྲི་ཆུ་ཁ་གྲོང་ཚོ་བར་གྱི་ལམ་དུམ་གྱི་ཨར་ལས་མྱུར་ཚད་མགྱོགས་སུ་གཏོང་ཆེད།2020ལོའི་ཟླ་11པའི་ཚེས་1ཉིན་ནས་2021ལོའི་ཟླ་4པའི་ཚེས་30ཉིན་བར་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ་སྟག་མཆོང་གྲོག་རོང་ནས་འབྲི་ཆུ་ཁ་འགྲམ་གྱི་གྲོང་ཚོ་བར་གྱི་ལམ་དུམ་བཀག་སྡོམ་བྱས་ནས་ཨར་སྐྲུན་བྱས་པ་རེད།བཀག་སྡོམ་གྱི་ཨར་སྐྲུན་བྱེད་རིང་སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་ལས་གཉེར་བྱེད་མཚམས་བཞག་པ་དང་།ལྗོངས་ཁུལ་སྒོ་རྒྱག་དགོས་བྱུང་བས། ཡུལ་སྐོར་བ་ཡོང་མི་ཆོག་པར་བྱས་ཡོད།

    སྟག་མཆོང་གྲོག་རོང་ནི་ཀྲུང་གོའི་གྲོག་རོང་ཟབ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཤིང་།དེར་སྟོད་སྟག་མཆོང་དང་། བར་སྟག་མཆོང་། སྨད་སྟག་མཆོང་བཅས་ཁག་གསུམ་ཡོད། གཞན་ཡང་སྟག་མཆོང་གྲོག་རོང་རྐང་ཐང་མར་བསྐྱོད་པར་འཛམ་གླིང་གི་རྩེར་སོན་གྱི་རྐང་ཐང་ལམ་ཐིག་ཆེ་གྲས་བཅུའི་གྲས་ཤིག་ཅེས་བརྗོད་ཀྱི་ཡོད།དེ་ནི་མཐོ་ལམ་གྱི་རྐང་ཐང་ལམ་ཐིག་དང་དེ་བཞིན་བར་སྟག་མཆོང་རྐང་ཐང་མར་བསྐྱོད་སའི་ལམ་ཐིག་ལས་གྲུབ་པ་ཞིག་རེད།