བདེ་ཆེན་གྱི་མི་རིགས་ཁག་གིས་མཐུན་སྒྲིལ་གྱི་ཨ་ལོང་དམ་པོར་སྦྲེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནན་ཏན་སྒོས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་འགུལ་ངང་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་ཞུ་དང་མཉམ་འདྲེས་ཡོང་བ་བྱེད་པའི་ལས་འགན་གལ་ཆེན་ལ་ཞབས་འདེགས་ཞུས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ།མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས། མཛའ་མཐུན་བཅས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་ནས་སེ་འབྲུ་ལྟར་ཕན་ཚུན་དམ་པོར་འབྲེལ་ཡོད།

    སྤུན་ཟླ་མི་རིགས་གཅིག་ཀྱང་རྗེས་ལ་ལུས་སུ་མི་འཇུག མི་རིགས་ས་ཁུལ་གཅིག་ཀྱང་རྗེས་ལ་ལུས་སུ་མི་འཇུག 

    སྔར་ནས་བཟུང་བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁུལ་གསུམ་ཆུས་གསུམ་སྲིད་ཇུས་ཀྱི་གོ་སྐབས་དམ་བཟུང་བྱས་ནས།ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་སོགས“འདུ་འགོད་ཆེན་པོ་དགུ”ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།ཉེན་ཡོད་སྡོད་ཁང་གཙང་སེལ་བྱེད་པའི་དམིགས་ཚད་མངོན་འགྱུར་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”བརྟན་པོའི་ངང་མངོན་འགྱུར་བྱུང་ཡོད།རྫོང(གྲོང་ཁྱེར)དབུལ་པོ་3གྱི་དབུལ་ཞྭ་ཕུད་པ་དང་།གྲོང་ཚོ་དབུལ་པོ་147དབུལ་སྒྲོལ་ཐུབ་པ།གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་7.4ཕྱོགས་ཡོངས་ནས་དབུལ་སྒྲོལ་བྱུང་བས།ལོ་རྒྱུས་རང་བཞིན་སྒོ་ནས་དབུལ་པོ་རྦད་དེ་མེད་པར་བཟོས་ཡོད།

    2016ལོ་ཚུན་གྱི་ལོ་ལྔ་ནི་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན་ལ།བདེ་ཆེན་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་མ་དངུལ་གཏོང་ཤུགས་ཆེ་ཤོས་དང་།རྣམ་གྲངས་འཛུགས་སྐྲུན་བྱེད་ཚད་མང་ཤོས།རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་མགྱོགས་ཤོས།འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་ཤོས།མང་ཚོགས་ཀྱི་ཐོབ་ཚོར་ཆེ་ཤོས་བཅས་ཀྱི་ལོ་5ཡང་ཡིན་པ་རེད། དེ་དང་ཆབས་ཅིག་བདེ་ཆེན་གྱི་ཐོན་ལས་དང་པོ་དང་།གཉིས་པ།གསུམ་པ་བཅས་ཀྱི་རིན་ཐང་འཕར་མ་ཚང་མ་འཕར་བ་དང་།ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ།ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ།བཟོ་ལས་དང་།གློག་རྡོའི་ཐོན་ལས།དམངས་གཉེར་དཔལ་འབྱོར།ཡུལ་སྐོར་ཐོན་ལས་བཅས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ།སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ།ཚོང་དོན་ཟོག་འགྲེམས་ལས་རིགས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཕྱིན་པ།གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་རྫོང་དང་།ཤང་།གྲོང་ཚོ་བཅས་ཚང་མར་ཁྱབ་ཡོད་པ་བཅས་རེད།

     མི་རིགས་ཁག་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་ཁྱིམ་མི་ཚང་མས་འཚོ་བ་སྐྱིད་པོ་རོལ་བ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བདེ་ཆེན་གྱིས“མི་རིགས་ཁག་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་ཁྱིམ་མི་ཚང་མས་འཚོ་བ་སྐྱིད་པོ་རོལ་དགོས”ཞེས་པའི་དད་སེམས་བརྟན་པོར་བསྲུངས་ནས་མི་རིགས་ཁག་གི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་བཏང་ཡོད། ལོ་ལྔའི་རིང་ཁུལ་ཡོངས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་བ་དང་།སྲིད་འཛིན་གྲོང་སྡེའི་འགྲོ་ལམ་ཨར་འདམ་ཅན་དང་།དྲ་ཆེན་དྲ་རྒྱ།སྒུལ་བདེའི་4Gདྲ་རྒྱ་བཅས་ཁྱོན་ཡོངས་ལ་ཁྱབ་པ།5Gཚོང་སྤྱོད་ཀྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པས་མི་དམངས་ཀྱི་འཚོ་བ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་པ་རེད། མི་རྩ་བར་འཛིན་པ་དང་དམངས་འཚོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་ཕན་བྱ་ཐབས་འབོར་ཆེན་ཞིག་དོན་འཁྱོལ་ཞིབ་ཚགས་བྱུང་བ་དང་སློབ་གསོའི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད།སྤྱི་པའི་སྨན་བཅོས་ཞབས་ཞུའི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཤམ་བྷ་ལའི་སྣོད་བཅུད་སྤྱི་གླིང་དང་ཤམ་བྷ་ལའི་ཟློས་གར་ཁང་སོགས་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་ཁག་གཅིག་སྔ་རྗེས་སུ་བསྐྲུན་པས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་གྱི་ཨ་ལོང་དམ་པོར་སྒྲིལ་བ།

    བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་དང་།གཏིང་ཟབ་པ།རྒྱུན་སྲིང་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྤེལ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས།བདེ་ཆེན་གྱི་ཁྱད་ཆོས་ལྡན་པ་དང་།བདེ་ཆེན་གྱི་བཀྲག་མདངས་འཚེར་ས།བདེ་ཆེན་གྱི་ཚོང་རྟགས་གྲགས་ཅན་བཅས་ཀྱི་དཔེ་སྟོན་དཔེ་མཚོན་100གཙོ་གནད་དུ་བཟུང་ནས་བསྐྲུན་པ།རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་ཁྲོད།ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང“ཁ་འབྲལ་ཐབས་མེད་པ་གསུམ”དང“ངོས་འཛིན་གཅིག་མཐུན་ལྔ”སོགས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་བཙུགས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས།ཕན་ཚུན་མཛའ་གཅུགས་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས། མི་རིགས་ཁག་སེ་འབྲུའི་འབྲུ་གུ་དང་འདྲ་བར་མཐུན་སྒྲིལ་གྱི་ཨ་ལོང་དམ་པོར་སྦྲེལ་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི་”འཕེལ་རྒྱས་ཀྱི་གྲུབ་འབྲས་ལས།ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་ཐུབ་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ད་གཟོད་མི་རིགས་ཁག་གོང་བུར་འགྲིལ་ཐུབ་པ་དང་།མི་རིགས་ཁག་འཕེལ་རྒྱས་གཏོང་ཐུབ་པ།མི་རིགས་ཁག་དར་རྒྱས་གཏོང་ཐུབ་པ་བཅས་ར་སྤྲོད་བྱས་ཡོད། འདས་པའི་ལོ་ལྔའི་རིང་། བདེ་ཆེན་ཁུལ་གྱིས་ཏང་གི་འགོ་ཁྲིད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གཙོ་རྐང་ལ་དམ་པོར་དམིགས་ནས་དཔལ་འབྱོར་དང་།དམངས་འཚོ།རིག་གནས།སྣོད་བཅུད་སོགས་ཀྱི་ཐད་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་བས་མི་རིགས་ཁག་གི་མི་དམངས་ཚོར“ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་ཐུན་མོང་ངོས་འཛིན་གྲུབ་པ་དང་།ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་།བསམ་བློའི་ངོས་འཛིན་གཅིག་མཐུན།བརྩེ་སེམས་ངོས་འཛིན་གཅིག་མཐུན་བཅས་ཟབ་ཏུ་ཕྱིན་ཡོད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དེ་ནི་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་དཔང་རྟགས་ཡག་ཤོས་ཤིག་ཡིན་པ་རེད།