ཉིང་ཁྲིས་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-16   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

འདི་ནི་སྤོ་མེས་ཁམ་བུའི་མེ་ཏོག་ལུང་བ་རེད།

        2021ལོ་ནི་བོད་ལྗོངས་ཉིང་ཁྲིས་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བའི་ལོ་ངོ19བ་ཡིན་ལ། ལོ་འདི་གའི་རིང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཁམ་བུའི་མེ་ཏོག་གི་མིང་བྱང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་འཕེལ་རྒྱས་ཐད་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ཡུལ་སྐོར་བས་མཛེས་ཤིང་ཡིད་དུ་འོང་བའི་ཁམ་བུའི་མེ་ཏོག་ལ་བལྟ་ཐུབ་པ་མ་ཟད། ད་དུང་བོད་ཁྱིམ་སྤྲོ་སྐྱིད་གླིང་དུ་ཞག་སྡོད་དང་བོད་ཁྱིམ་གྱི་ཟས་རིགས་རོལ་མྱོང་བཅས་བྱས་ཏེ་ཞིང་སྡེའི་འཚོ་བར་ཉམས་ལེན་བྱེད་ཐུབ་པ་དང་། དེ་དང་ཆབས་ཅིག་ཏུ་ས་གནས་མང་ཚོགས་ལའང་མིག་མཐོང་ལག་ཟིན་གྱི་དངོས་ཕན་ཐོབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི52.7སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1.76ཟིན་ཡོད། དེ2019ལོའི་དུས་མཉམ་ལས་སོ་སོར37.56%དང67.62%འཕར་སྣོན་བྱུང་ཡོད།

        ཉིང་ཁྲི་གྲོང་ཁྱེར་གྱིས‘རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི’འདུ་ཤེས་ལག་བསྟར་བྱས་པ་བརྒྱུད། ཉིང་ཁྲིའི་སྐྱེ་ཁམས་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་ལེགས་ཆ་དང་དཔལ་འབྱོར་ལེགས་ཆར་བསྒྱུར་བར་ཤུགས་སྣོན་བརྒྱབ་ཏེ། ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་མུ་མཐུད་དུ་འཚོལ་ཞིབ་བྱས་ནས་གྲོང་གསེབ་དར་སྤེལ་དང་། ཤང་གྲོང་འཕེལ་རྒྱས། ཐོན་ལས་འཛུགས་སྐྲུན། རིག་གནས་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་ཐོན་ལས་གཏིང་ཟབ་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། ཡུལ་སྐོར་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་རྣམ་པ་གསར་བ་ཞིག་གྲུབ་ཡོད། རྗེས་མར་ཉིང་ཁྲིའི་ཡུལ་སྐོར་གྱིས་མི་ཆོས་རིག་གནས་དང་རང་བྱུང་ཤུལ་བཞག་སོགས་བེད་སྤྱོད་གང་ལེགས་བྱས་ནས་ཡུལ་སྐོར+ཡི་བྱ་འགུལ་སྣ་མང་སྤེལ་རྒྱུ་རེད། བོད་ཀྱི་གསོ་རིག་དང་བོད་སྨན། ཀོང་པོའི་རིག་གནས། ཞིང་ལས་ཐོན་སྐྱེད་སོགས་ལེགས་པོར་སྒྲུབ་ནས་ཡུལ་སྐོར་ཀྱི་ཐོན་ལས་སྦྲེལ་ཐག་འཛུགས་རྒྱུ་རེད།

        རྒྱུས་ལོན་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་སྔར་བས་འཐུས་ཚང་དུ་བཏང་བ་བརྒྱུད། ཆ་འཕྲིན་ཅན་དུ་འགྱུར་ཚད་ཇེ་མཐོར་གཏོང་བ་དང་། ཁྲོམ་རའི་ཤོང་ཚད་རྒྱ་སྐྱེད་པ། ཡུལ་སྐོར་བའི་ཉམས་ལེན་མཐོར་འདེགས་གཏོང་བ། ཡུལ་སྐོར་སྣེ་ལེན་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཡིད་རྟོན་དང་གོ་རིམ་ལྡན་པ། བདེ་འཇགས། བློ་བདེ་བག་ཕེབས་བཅས་ཀྱི་ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད། །