རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཉེ་ཆར་རང་རྒྱལ་གྱི་ཚན་རིག་པས་འབྲི་ཆུའི་བར་རྒྱུད་ཀྱི་སི་ཁྲོན་དང་ཡུན་ནན་འབྲེལ་མཚམས་ཁུལ་གྱི་སྐམ་ཚའི་ལུང་པ་ནས་རིགས་རྒྱུད་གསར་པའི་རྩངས་རལ་ཞིག་འཚོལ་རྟོགས་བྱུང་བ་དང་། འབྲི་ཆུའི་རྒྱུད་ཀྱི་རྩངས་རལ་འདི་ནི་མིག་སྔར་ས་བབ་མཐོ་ཤོས་ཀྱི་རྩངས་རལ་རིགས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཡོད།
ཚན་རིག་ཞིབ་འཇུག་མི་སྣས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་རོང་རྫོང་ནས་པར་བརྒྱབ་པའི་རྩངས་རལ་གྱི་པར་རིས། པར་འདི་ཤིན་ཧྭ་གསར་འགྱུར་ཁང་གིས་བཀྲམས་པ་ཡིན།
ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འདི་ནི་ཉེ་ཆར་རྒྱལ་སྤྱིའི་སྐམ་ཆུ་གཉིས་འགྲོའི་སྲོག་ཆགས་རིག་པའི་དུས་དེབ《ཨེ་ཤེ་ཡའི་སྐམ་ཆུ་གཉིས་འཚོའི་གོག་བགྲོད་སྲོག་ཆགས་རིག་པའི་ཞིབ་འཇུག》གི་དུས་དེབ་ཐོག་སྤེལ་ཡོད།
ཚན་རིག་ཞིབ་འཇུག་མི་སྣས་ཡུན་ནན་ཞིང་ཆེན་འཇོལ་རྫོང་ནས་པར་དུ་བླངས་པའི་རྩངས་རལ་གྱི་པར་རིས། པར་འདི་ཤིན་ཧྭ་གསར་འགྱུར་ཁང་གིས་བཀྲམས་པ་ཡིན།
2019ལོའི་ཟླ་8ཚེས་27ཉིན་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སྐམ་སར་འཚོ་བའི་གོག་བགྲོད་སྲོག་ཆགས་རིག་པའི་ཞིབ་འཇུག་ཚོགས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་གི་ལྷོ་རྒྱུད་དུ་བརྟག་དཔྱད་བྱས་པ་དང་། ས་གནས་དེ་གའི་བོད་རིགས་མི་སེར་གྱི་རོགས་རམ་འོག མཚན་མོའི་དུས་གྲོང་ཚོའི་མདུན་གྱི་ཆུ་ཕྲན་གྱི་བྲག་རྡོའི་སྟེང་ནས་རྩངས་རལ་འགའ་རྙེད་པ་དང་། རྗེས་སུ་སྡེ་རོང་རྫོང་ནས་ཀྱང་རྩངས་རལ་རེ་འགའ་རྙེད། དེ་དང་ཆབས་ཅིག་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅང་ཅན་ཕིང་གིས་སྣེ་ཁྲིད་པའི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་དཔུང་ཁག་གཞན་ཞིག་གིས་ཡུན་ནན་ཞིང་ཆེན་འཇོལ་རྫོང་གི་འབྲི་ཆུའི་ལུང་ཤུར་ནས་ཀྱང་རྩངས་རལ་འདིའི་རིགས་ཡོད་པ་འཚོལ་རྟོགས་བྱུང་བ་རེད།
ཞིབ་འཇུག་བྱས་པ་ལྟར་ན། གསར་དུ་འཚོལ་རྟོགས་བྱུང་བའི་རྩངས་པ་རིགས་འདིའི་ལུས་པོ་ཅུང་ཆུང་ཞིང་། སྣ་ཁུང་དང་མཆུ་འདབས་བར་ཐག་ཅུང་ཉེ་བའི་རྣམ་པ་མངོན་ཡོད། འབྲི་ཆུའི་རྒྱུད་ཀྱི་རྩངས་རལ་ནི་རང་ཚུགས་ཀྱི་འཕེལ་འགྱུར་བྱུང་བའི་ཡན་ལག་ཞིག་ཡིན།
ཞིབ་འཇུག་མི་སྣས་བཤད་དོན། སྲོག་ཆགས་འདི་ནི་མིག་སྔར་གོ་ལ་ཧྲིལ་པོར་ཁྱབ་པའི་ས་བབ་མཐོ་ཤོས་ཀྱི་(ས་བབ་མཐོ་ཚད་སྨི་2000ནས་སྨི་2476བར)རིགས་ཤིག་ཡིན། དེའི་ཁྱབ་ཁོངས་ནི་འབྲི་ཆུའི་སྐམ་ཚའི་རོང་ཁུལ་ཡིན་པ་དང་། ཅུང་མཐོང་སླ་བ་ཞིག་རེད། སྲོག་ཆགས་འདི་རིགས་མང་ཆེ་བ་ནི་རོང་ཁུལ་གྱི་སྡོང་ཐུང་ནགས་ཚལ་དང་རྡོའི་སྲུབས་སུ་གནས་ཡོད། ཁང་བའི་སྟེང་དུའང་རེ་འགའ་མཐོང་རྒྱུ་ཡོད། མོ་རིགས་ནི་ཕོ་རིགས་ལས་མང་ཞིང་། ཚོད་དཔག་བྱས་ན་ཟླ་5པ་ནས་ཟླ་6པའི་བར་རྒྱུད་སྤེལ་གྱི་ཡོད། འབྲི་ཆུའི་རྒྱུད་ཀྱི་རྩངས་རལ་རིགས་གསར་བ་འདི་འཚོལ་རྟོགས་བྱུང་བ་དེས་ཚ་ཁུལ་དང་ཚ་ཁུལ་ཕལ་བར་ཁྱབ་པའི་རྩངས་རལ་རིགས་ནི་མཚོ་བོད་ས་མཐོར་ཁྱབ་འགྱེད་བྱུང་པའི་ལམ་སྲོལ་ལ་གལ་ཆེའི་དཔེ་དབྱིབས་མཁོ་འདོན་བྱས་ཡོད།