2021ལོའི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-09   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། 2021ལོའི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ཟླ4ཚེས5ཉིན་ལྷ་ལྡན་གཙུག་ལག་ཁང་དུ་སྤེལ།

        ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་དང་ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་ཆུང་བདག་གིས་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀྱི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་དགེ་ཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་དགེ་འདུན་པར་དར་ཚོན་སྣ་ལྔ་དང་། ཤིང་འབྲས། གཟན་སོགས་གནང་བ་རེད། ལྗོངས་ཆོས་ལུགས་ཅུས་ཀྱི་འགན་འཁུར་བས་དམ་འཇོག་མཛད་སྒོར་ཞུགས་པའི་དགེ་འདུན་པར་སྐུ་འགྱེད་ཕུལ་བ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཤིས་ཚིག་གསུངས་པ་དང་འབྲེལ། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་ཚབ་ཞུས་ཏེ་མཚན་གནས་ཐོབ་པའི་དགེ་འདུན་པར་མཇལ་དར་བསྒྲོན་པ་དང་མཚན་གནས་ལག་ཁྱེར་གནང་།

        དམ་འཇོག་མཛད་སྒོའི་ཐོག་རྒྱུགས་འབུལ་དགེ་འདུན་པས་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་གཞུང་ཕྱོགས་དང་མཐུན་པའི་བརྒལ་བརྟག་རིག་ལམ་ཕྲ་མོའི་སྒོ་ནས་རྟགས་གསལ་བཏང་བ་རེད། མཚན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམ་པས་བློ་གཟུ་བོར་གནས་པའི་ཐོག་ནས་ལྷ་རམས་པའི་མཚན་བཞེས་ཀྱི་བརྒྱུད་རིམ་ཧྲིལ་པོར་བརྟག་ཞིབ་ཤན་འབྱེད་ནན་པོ་གནང་མཐར། ར་སྟོད་དགོན་གྱི་བློ་བཟང་བསྟན་དར་ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཨང་དང་པོ་དང་། སེ་ར་དགོན་གྱི་བློ་བཟང་ལུང་རིག་ལ་ཨང་གཉིས་པ། དགའ་ལྡན་སུམ་རྩེན་གླིང་དགོན་གྱི་ངག་ཆོས་ཉིད་ལ་ཨང་གསུམ་པ། འབྲས་སྤུངས་དགོན་གྱི་ངག་དབང་བཞད་པ་ལ་ཨང་བཞི་པ། བཀྲས་ལྷུན་དགོན་གྱི་བློ་བཟང་ཡོན་ཏན་ལ་ཨང་ལྔ་པ། དེ་བྱིངས་ཀྱི་དགེ་འདུན་པ8ལ་ཨང་དྲུག་པ་ནས་བཅུ་གསུམ་བར་བཅས་ཐོབ་ཡོད།

        ཤེས་གསལ་ལྟར་ན། དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་ལེན2020ལོའི་ཟླ9པར་འབྲས་སྤུངས་དགོན་དུ་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། དགེ་འདུན་པ13ལ་དམ་འཇོག་གི་ཐོབ་ཐང་རག་ཡོད། །