2020ལོར་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང7.8%འཕར་སྣོན་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-02   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

འདི་ནི2021ལོའི་ཟླ3པའི་ཚེས25ཉིན་ཡུལ་སྐོར་བས་ལྷ་སའི་ཕོ་བྲང་པོ་ཏ་ལའི་ལྗོངས་གཟིགས་སྟེགས་བུར་དྲན་རྟེན་འདྲ་པར་རྒྱག་བཞིན་པའི་ཚུལ་རེད།

        ཚེས1ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས2020ལོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར678.16ལ་སླེབས་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ཚེ7.8%འཕར་སྣོན་བྱུང་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་ལྷ་ས་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པས། དཔལ་འབྱོར་བརྟན་བརླིང་ངང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད།

        ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧོང་ཧྲུའུ་ཁྲུན་གྱིས2020ལོར་ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་ཐོན་སྐྱེད་ཀྱི་གནས་བབ་བརྟན་པོ་ཡོད་པ་དང་ཐོན་རྫས་གཙོ་བོ་མཁོ་སྤྲོད་ཇེ་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར41.76མངོན་འགྱུར་བྱུང་བ་དང་། དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཉམ་ལས11%འཕར་སྣོན་བྱུང་ཡོད། ཞིང་ལས་ཐོན་རྫས་གཙོ་བོའི་ཁྲོད་འབྲུ་རིགས་ཐོན་ཚད་ཏུན་ཁྲི15.53ཟིན་པ་དེ0.7%ཆག་ཡོད། དེའི་ནང་གྲོའི་ཐོན་ཚད་ཏུན་ཁྲི4.52ཟིན་ནས13.5%ཆག་པ་དང་། ནས་ཀྱི་ཐོན་ཚད་ཏུན་ཁྲི10.65ཟིན་ནས4.6%འཕར་ལ། སྔོ་ཚལ་ཐོན་ཚད་ཏུན་ཁྲི27.56ཟིན་ནས11.3%འཕར་སྣོན་བྱུང་ཡོད། ཤ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི3.42ཟིན་ནས1.6%འཕར་ཡོད་ཟེར།

        བཟོ་ལས་ཐད། 2020ལོར་ལྷ་ས་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཉམ་ལས11.3%འཕར་བ་དང་། དཔལ་འབྱོར་ཀྱི་རིགས་དབྱེ་ནས་བལྟས་ན། རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་རིན་ཐང་འཕར་མ8.6%འཕར་བ་དང་། མ་རྐང་ལམ་ལུགས་ཀྱི་ཁེ་ལས6.7%འཕར་ལ། དཔལ་འབྱོར་རིགས་ཁག་གཞན་དག་གི་ཁེ་ལས69.2%བཅས་འཕར་སྣོན་བྱུང་ཡོད། རིགས་ཆེན་པོ་གསུམ་ལ་དབྱེ་ནས་བལྟས་ན། གཏེར་འདོན་ལས་རིགས་ཀྱི་རིན་ཐང་འཕར་མ20.1%འཕར་བ་དང་། བཟོ་སྐྲུན་ལས་རིགས6.0%འཕར་ཞིང། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བཅས7.3%འཕར་སྣོན་བྱུང་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ནང་སྔོ་ཚལ་སྣ་ཁ་མང་ལ་མཁོ་སྤྲོད་འདང་ངེས་ཡོད་པའི་རྣམ་པ་རེད།

        ཧོང་ཧྲུའུ་ཁྲུན་གྱིས2020ལོར་ལྷ་ས་གྲོང་ཁྱེར་གྱི་ཞབས་ཞུའི་ལས་རིགས་བརྟན་བརླིང་ངང་སླར་གསོ་ཐུབ་པ་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྟོབས་ཤུགས་ཇེ་ལེགས་སུ་ཕྱིན་ཡོད། 2020ལོར་གྲོང་ཁྱེར་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་དེ་ལོ་གོང་མ་ལས2.1%འཕར་སྣོན་བྱུང་ཡོད་ཅིང་། དེའི་ནང་དངུལ་རྩའི་ལས་རིགས་ཀྱི་རིན་ཐང་འཕར་མ10.8%འཕར་བ་དང་། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ9.5%འཕར་བ་དེ་ནི་ཞབས་ཞུའི་ལས་རིགས་སླར་གསོ་བྱེད་པའི་འདེགས་སྐྱོར་སྟོབས་ཤུགས་གཙོ་བོ་ཡིན་ཞེས་བཤད།

        ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་ཀྲེང་ཧུང་ཡན་གྱིས་དམངས་ཁྲོད་མ་འཇོག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། 2020ལོར་ལྷ་སའི་དམངས་ཁྲོད་མ་འཇོག21.2%འཕར་སྣོན་བྱུང་ཡོད། དེའི་ནང་ཁང་སའི་བདག་ཁོངས་གསར་སྤེལ་བྱེད་པའི་དམངས་ཁྲོད་ཀྱི་མ་འཇོག36.6%འཕར་བ་དང་བཟོ་སྐྲུན་ལས་རིགས་ཀྱི་དམངས་ཁྲོད་མ་འཇོག17.6%འཕར་ཡོད་ཟེར།

        ཧོང་ཧྲུའུ་ཁྲུན་གྱིས2020ལོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག་ལྷ་སའི་དཔལ་འབྱོར་འཁོར་སྐྱོད་རིམ་བཞིན་སླར་གསོ་བྱུང་བ་དང་། དཔལ་འབྱོར་དམིགས་ཚད་ཁག་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་ཐུབ་པ་དང་ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་སྐྱོད་སྔོན་དཔག་ལས་ལེགས་པོ་བྱུང་ཡོད་ཅེས་བཤད། །