བདེ་ཆེན་གྱི་མི་རིཊ་གྱོན་ཆས་རིག་གནས་ཧུང་ཧོ་ཁུལ་དུ་འགྲེམ་སྟོན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་3པའི་ཚེས་18ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་དང་ཧུང་ཧོ་ཁུལ་དངོས་མང་བཤམས་སྟོན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་བདེ་ཆེན་གྱི་མི་རིགས་རྒྱན་གོས་རིག་གནས་འགྲེམས་སྟོན་དེ་ཧུང་ཧོ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ་རེད།

    ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་བདེ་ཆེན་དང་ཧུང་ཧོ་ས་ཆ་གཉིས་ཀྱི་རིག་གནས་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ཏེ།དེ་བས་མང་བའི་ལྟད་མོ་བས་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་མི་རིགས་གྱོན་ཆས་རིག་གནས་ཀྱི་བསྟན་དོན་དང་ཡིད་སེམས་འགུག་པའི་སྒྱུ་རྩལ་ལ་ཤེས་རྟོགས་དང་མྱོང་ཚོར་ཐུབ་པ་བྱས་ནས།བདེ་ཆེན་གྱི་མཛེས་སྡུག་ལྡན་པའི་མི་རིགས་རིག་གནས་དང་རྩེར་སོན་གྱི་མི་རིགས་ལག་རྩལ་མྱོང་རོལ་ཐུབ་པ་བྱ་རྒྱུ་དེ་རེད།  ཐེངས་འདིའི་འགྲེམས་སྟོན་དེ་2021ལོའི་ཟླ་5པའི་ཚེས་23ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད། 

    བདེ་ཆེན་གྱི་མི་རིགས་གྱོན་ཆས་རིག་གནས་འགྲེམས་སྟོན་ནི་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གིས་ཉེ་བའི་ལོ་ཤས་རིང་བཏོད་པའི་འགྲེམས་སྟོན་རྩེར་སོན་ཞིག་ཡིན་ཞིང་།འགྲེམས་སྟོན་ནི་དངོས་རྫས་འགྲེམས་སྟོན་དང་པར་རིས་འགྲེམས་པང་ཟུང་དུ་སྦྲེལ་བའི་རྣམ་པའི་ཐོག་ནས།བོད་རིགས་ཀྱི་རྒྱན་གོས་དང་།འཇང་རིགས་ཀྱི་རྒྱན་གོས།དབྱིས་རིགས་ཀྱི་རྒྱན་གོས།ལི་སུའུ་རིགས་ཀྱི་རྒྱན་གོས།འཆམ་ལྭ་བཅས་ཁག་ལྔ་ཡི་ཐོག་ནས།བདེ་ཆེན་མི་རིགས་རྒྱན་གོས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་དང་བདེ་ཆེན་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བའི་རེ་སྨོན།དེ་མིན་ཁོང་ཚོའི་བསམ་པའི་བཀོད་ཤུགས་དང་གསར་གཏོད་ནུས་པ་ཕུན་སུམ་ཚོགས་པོ་མངོན་པར་བྱས་ཡོད།ཐེངས་འདིའི་འགྲེམས་སྟོན་ནང་ཁྱོན་བསྡོམས་གྱོན་གོས་42དང་རྒྱན་ཆ་51འགྲེམས་སྟོན་བྱས་ཡོད་ལ།དེ་ནི་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གིས་ལོ་མང་རིང་ཉར་ཚགས་བྱས་པའི་སྙིང་བཅུད་ཡིན་པ་དང་རིག་དངོས་མི་ཉུང་བ་ཞིག་གིས་ད་དུང་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བརྒྱུད་མྱོང་བས་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།