དངོས་བཤུས་གློག་བརྙན་《ལྷ་བཟོའི་ཕ་ཡུལ》ལ་ལྗར་པན་ནས་དགའ་བསུ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-23   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་3ཚེས་21ཉིན། ཀྲུང་གོ་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་གི་ན་གཞོན་འབྲོག་མིས་ཐང་ག་བཞེངས་པའི་ལག་རྩལ་སློབ་སྦྱོང་དང་རྒྱུན་འཛིན་བྱས་ནས་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ་དང་། དབུལ་བྲལ་འགག་སྒྲོལ་བྱུང་བའི་དངོས་ཕབ་གློག་བརྙན་《ལྷ་བཟོའི་ཕ་ཡུལ》ཉེ་ཆར་ལྗར་པན་རྒྱང་བསྒྲགས་མཐུན་ཚོགས་ཀྱི་འཕྲིན་ལམ་མང་པོ་ནས་བསྟན་པ་ལ་ལྗར་པན་གྱི་གཟིགས་མོ་བ་མང་པོའི་བསྟོད་བསྔགས་ཐོབ་ཡོད། 
    དངོས་བཤུས་གློག་བརྙན་དེ་ནི་ལྗར་པན་རྒྱང་བསྒྲགས་མཐུན་ཚོགས་ཀྱི་འཁྲབ་ཁྲིད་པ་ཅིན་ཧྲང་ལུང་ཧྲི་ཡིས་འཁྲབ་ཁྲིད་ལག་བསྟར་དང་། ཀྲུང་གོ་དང་ལྗར་པན་ཚོགས་ཁག་གིས་ལོ་5རིང་མཉམ་འབྲེལ་བྱས་ནས་ཕབ་སྐྲུན་བྱས་པ་རེད། ཅིན་ཧྲང་ལུང་ཧྲི་ཡིས་ཞིབ་ཚགས་ཆེ་ཞིང་གཏིང་ཟབ་པའི་མཐོང་ལམ་ནས། འཛམ་ཐང་ས་ཁུལ་གྱི་ཛམ་བྷ་ལ་ཇོ་ནང་བའི་མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་ན་གཞོན་འབྲོག་མི་འགའ་ལ་རྗེས་སྙེག་ཕབ་སྐྲུན་བྱས་པ་བརྒྱུད། ཁོང་ཚོས་མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ཁང་གི་གསར་གཏོད་མཁན་འཇམ་དབྱངས་བློ་གྲོས་རིན་པོ་ཆེའི་མཛུབ་སྟོན་འོག  ལོ་ངོ་10རིང་འབད་བརྩོན་བྱས་མཐར  “ཇོ་ནང་ཐང་གའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་”ཇི་ལྟར་གྱུར་བའི་སྐོར་དང་། དབུལ་ཕོངས་ལས་སྒྲོལ་ནས་ཕ་ཡུལ་ལ་དྲིན་ལན་སློག་པ་མ་ཟད། འབད་པ་ཆེན་པོས་མི་ཚེའི་རིན་ཐང་སྔར་བས་ཆེན་པོར་སྙེག་པའི་སྐོར་གྱི་ཡིད་སེམས་འགུགས་པའི་གཏམ་རྒྱུད་བརྗོད་ཡོད། 
   “གནས་བབ་ངན་པའི་སྐབས་སུའང་ཕུགས་འདུན་སྙེག་པའི་ན་གཞོན་ཚོ་དཔེ་མི་སྲིད་པའི་ངར་བ་རེད། དངོས་བཤུས་གློག་བརྙན་འདི་དངོས་གནས་ཡག་པོ་འདུག”
   “ང་ནི་སྤུས་ལེགས་པའི་ཐང་ག་དང་ན་གཞོན་ལྷ་བཟོ་བ་དག་གིས་ཡིད་དབང་རབ་ཏུ་བཀུག་སོང་།”
   “ངའི་དམིགས་ཡུལ་ནི་ཚེ་འདིར་ངེས་པར་དུ་ཐང་ག་ལ་དངོས་སུ་མཇལ་བར་འགྲོ་བ་དེ་ཡིན་”ཞེས་སོགས། 
    ལྗར་པན་གྱི་གཟིགས་མོ་བ་ཚོས་དངོས་བཤུས་གློག་བརྙན་ལ་བལྟས་རྗེས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་སྐད་འཇོག་པ་དང་བསྟོད་པ་བྱས་ནས་མྱོང་ཚོར་བརྗོད་ཡོད། 
    ཅིན་ཧྲང་ལུང་ཧྲི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས། “འཛམ་ཐང་ས་ཁུལ་ནི་སྔོན་མ་ནས་བཟུང་ཀྲུང་གོའི་དབུལ་ཕོངས་ས་ཁུལ་ཞིག་རེད། ཡུལ་དེའི་འབྲོག་མིས་ཐང་ག་འབྲི་སྦྱོང་བྱས་པ་བརྒྱུད། ས་གནས་དེ་གའི་གཏིང་ཟབ་པའི་ས་ཁུལ་གྱི་རིག་གནས་དར་སྤེལ་བྱས་པར་མ་ཟད། ས་གནས་དེར་ལས་ཀ་དང་ཡོང་འབབ་ཀྱང་རག་ཡོད་པས། ས་གནས་དེའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལེགས་འགྲུབ་ཧ་ཅང་བྱུང་འདུག་ལ་དཔེ་ཡག་པོ་རེད། ང་ཚོར་གཏམ་རྒྱུད་འདི་འདྲ་འཛམ་གླིང་ལ་དྲིལ་བསྒྲགས་བྱེད་པའི་ཐད་རང་ནུས་འབུལ་ཐུབ་པའི་རེ་བ་ཡོད་”ཅེས་བཤད། 
   2010ལོར། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་འཇམ་དབྱངས་བློ་གྲོས་རིན་པོ་ཆེ་ཡིས་འཛམ་ཐང་རྫོང་ཨུད་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་སྐྱོར་འོག  ཛམ་བྷ་ལའི་མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ཁང་གསར་དུ་བསྐྲུན་པ་རེད། མིག་སྔར། ཐང་ག་ཕུད། ས་གནས་དེ་གས་ད་དུང་རོལ་མོ་དང་རི་མོ། འཇིམ་བཟོ། སྨན་རྫས། རྫ་ཆས། ཤོག་བུ་བཅས་བཟོ་བའི་རིག་གནས་མང་པོ་བརྒྱུད་སྦྱོང་བྱེད་བཞིན་འདུག