ངང་བ་མཆུ་དམར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ངང་བ་མཆུ་དམར་ནི་ཁྲུང་ཁྲུང་དབྱིབས་ཀྱི་ངང་བའི་ཚན་དུ་གཏོགས་ཤིང་།རིང་ཚད་ལ་ལི་སྨི་53ཙམ་ཡོད་པ་དང་།སྐྱེ་འཕེལ་དུས་ཀྱི་ཕོ་བྱ་དབྱེ་འབྱེད་སླ་བ་དང་།མགོ་བོ་དང་།སྐེ་ཡི་སྤུ་མདོག་སེར་བོ།མཆུ་ཏོ་དམར་པོ་ཡིན། གཤོག་ཤེལ་དང་ཟུར་གཉིས་མདོག་དཀར་པོ།རྔ་མ་མདོག་ནག་པོ།གཤོག་པའི་འོག་གི་སྒྲོ་སྤུ་དཀར་པོ་བཅས་ཡིན།མོ་བྱའི་དཔྲལ་བ་དང་སྟེང་ཁེབས།སྔས་མགོའི་མདོག་སྨུག་པོ།མིག་མཐའི་མདོག་ཆེས་ཟབ་པ།སྒྲོ་སྤུ་མངོན་གསལ་མིན།ལུས་ཡོངས་མདོག་སྨུག་སྐྱ་དང་གཞོགས་གཉིས་མདོག་དཀར་པོ་ཡིན།མཆུ་མདོག་ནག་པོ་དང་མཆུ་མགོ་མདོག་དམར་པོ་ཡིན།སྐྱེ་འཕེལ་གྱི་དུས་མིན་པའི་སྐབས་སུ་ཕོ་བྱ་དང་མོ་བྱའི་ཕྱི་དབྱིབས་འདྲ་མོད།འོན་ཀྱང་མཆུ་ཏོ་ཡི་མདོག་དམར་པོ་ཡིན།

    ངང་བ་མཆུ་དམར་ནི་ཀྲུང་གོའི་ནུབ་བྱང་ས་ཁུལ་དུ་རྒྱུད་སྤེལ་བ་དང་།སྟོན་དུས་ལྷོ་ཕྱོགས་ནས་ཡུན་ནན་སོགས་ས་ཁུལ་དུ་གནས་སྤོས་ནས་དགུན་སྐྱེལ་གྱི་ཡོད། དེ་མཚེའུ་དང་།ཆུ་མཛོད།རགས་ཐང་བཅས་ཀྱི་ཆུ་གཏིང་ཐུང་སར་ལྟོ་འཚོལ་གྱི་ཡོད་ལ།མཚོ་ངོགས་སམ་ཆུ་དང་ཉེ་བའི་བྱེ་ཐང་དང་།འབྲས་ཞིང་དུའང་མཐོང་རྒྱུ་ཡོད།ཟས་རིགས་གཙོ་བོ་རྩི་ཤིང་ཡིན་པ་རེད། རྒྱུན་དུ་ཆུ་ནང་ནས་རྩྭ་ཆུ་དང་ཆུ་རྩྭའི་རིགས་ཟ་བ་དང་། ཉེ་བའི་ལོ་ཤས་རིང་འདབ་ཆགས་ཁྱུ་ཚོགས་དེའི་གྲངས་འབོར་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པས་དོ་སྣང་བྱེད་དགོས་ཀྱི་ཡོད། 
    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ངང་བ་མཆུ་དམར་ནི་དགུན་དུས་སུ་མཐོང་དཀོན་པའི་བྱ་རིགས་ཤིག་ཡིན་པ་རེད།