རྡོ་མཁར་རྫོང་གིས་4Aརིམ་པའི་ལྗོངས་ཁུལ་སྐྲུན་པར་བརྩོན་ལེན་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་ཟླ་གསུམ་པར་དཔྱིད་རླུང་ཁྲོད་ནས་རྡོ་མཁར་རྫོང་དུ་སྐྱོད་སྐབས་བོད་ཀྱི་ཁྱད་ཆོས་ལྡན་པའི་བོད་ཁང་རེ་རེ་དང་།ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཀྱིས་2014ལོའི“1●11”མེ་སྐྱོན་གྱི་རྗེས་ཤུལ་མཐོང་རྒྱུ་མེད། ཡུལ་སྐོར་བ་ཞིག་གིས་གནས་སྡོད་བྱ་རྒྱུར་འཚམ་པ་དང་།ཡུལ་སྐོར་བྱ་རྒྱུར་འཚམ་པ།བོད་ཀྱི་ཁྱད་ཆོས་ལྡན་པའི་གནའ་གྲོང་ཞིག་མིག་ལམ་དུ་མངོན་བཞིན་ཡོད་ཅེས་བཤད་བྱུང་།

    2014ལོ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དོ་དམ་ཨུ་ལྷན་དང་དེ་བཞིན་གནའ་གྲོང་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའུ་ཡིས་གོ་རིམ་ལྡན་པའི་ངང་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་4A རིམ་པའི་མཛེས་ལྗོངས་ཁུལ་ལ་འདུན་ཞུ་བྱེད་པར་ཆ་རྐྱེན་བཏོད་ཡོད་པ་རེད།

    མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་ལས་དོན་དེ་2014ལོའི་ཟླ་8པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་།“སྔ་ལྟར་གསར་སྐྲུན་དང་རྙིང་པ་ཉམས་གསོ་བྱེད་པའི”བླང་བྱ་ལྟར་མེ་སྐྱོན་གྱི་གནོད་སྐྱོན་ཐེབས་པའི་དུད་ཚང་ལ་ཁ་གསབ་སྤྲད་དེ་2015ལོའི་ལོ་མཇུག་ཏུ་སླེབས་སྐབས་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་ལས་དོན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་པ་རེད།

    ཧྲང་ཧའེ་གྲོང་ཁྱེར་དང་།པའོ་ཧྲན།མིན་ཧང་།ཅ་ཏིང་བཅས་ཆུས་གསུམ་གྱིས་རྡོ་མཁར་རྫོང་སླར་གསོ་བསྐྱར་སྐྲུན་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.2མཁོ་འདོན་བྱས་པས་གནའ་གྲོང་གི་ཕྱོགས་གང་སར་ཕན་པ་ཐོབ་ཡོད་པ་རེད།

    དུས་ཐེངས་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད་རྡོ་མཁར་རྫོང་གི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཕྱིན་པ།རྡོ་མཁར་རྫོང་གི་མེ་ཟོན་ས་ཚིགས་དང་དེ་བཞིན་མེ་ཟོན་ཆུ་རྫིང་འཛུགས་སྐྲུན་བྱས་པ་བརྒྱུད་གནའ་གྲོང་གི་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་ཕྱིན་པ།རྡོ་མཁར་རྫོང་གི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་དང་ཁྲིད་སྟོན་མ་ལག་བསྐྲུན་ནས་གནའ་གྲོང་གི་སྤྱི་པའི་ཞབས་ཞུའི་དོ་དམ་ནུས་པ་འཐུས་ཚང་དུ་བཏང་བ།རྡོ་མཁར་རྫོང་གི་ལོ་རྒྱུས་མཛེས་ལྗོངས་ཀྱི་འཁྲབ་ཚན་ཐུང་ངུ་དང་འཇིམ་བརྐོས་དང་དེ་བཞིན་ཤར་སྒོ་དང་ནུབ་སྒོའི་འཛུགས་སྐྲུན་བྱས་པ་བརྒྱུད་གནའ་གྲོང་གི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གསར་སྤེལ་གྱི་ནུས་པ་ཆེ་རུ་ཕྱིན་པ།རྡོ་མཁར་རྫོང་སྔོ་འགྱུར་དང་མཛེས་བཟོའི་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་གནའ་གྲོང་གི་སྣོད་བཅུད་ཁོར་ཡུག་དང་མི་སྡོད་ཁོར་ཡུག་ལེགས་སུ་ཕྱིན་ཡོད།

    2020ལོར་སླེབས་སྐབས་གཙོ་གནད་ཐོག་གནའ་གྲོང་གི་སྲོལ་རྒྱུན་བོད་ཁང་གི་ཁང་སྟེང་གི་ཚ་ཐུབ་སྒྱུར་བཀོད་རྣམ་གྲངས་དང་།“གསང་སྤྱོད་གསར་བརྗེའི”ལས་དོན་སོགས་ལག་བསྟར་བྱས་པ་རེད།

    མིག་སྔར། རྡོ་མཁར་རྫོང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་རེད།གོམ་སྟབས་རྗེས་མར་གནའ་གྲོང་ནང་ཁུལ་གྱི་ཞོར་གཏོགས་རྨང་གཞི་དང་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ་སྡེ་ཁུལ་གྱི་ལམ་བུ་འཛུགས་སྐྲུན་དང་།ལྗང་མདོག་རིག་ལྡན་སྣོད་བཅུད་ལམ་བུ་འཛུགས་སྐྲུན།ཁོར་ཡུག་བཅོས་སྒྲིག ལོ་རྒྱུས་རིག་གནས་གནའ་ཤུལ་སླར་གསོ་སོགས་བྱས་ནས་4Aརིམ་པའི་མཛེས་ལྗོངས་ཁུལ་རེ་ཞུ་བྱ་རྒྱུར་ཆ་རྐྱེན་གཏོད་རྒྱུ་རེད།