འཁྲུ་ནད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-19   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        རྒྱ་ཡིག་གི་མིང་།   泄泻(腹泻)     རིགས་དབྱེ།    ཐོར་བུའི་ནད།

        རྒྱུ་རྐྱེན།

        དང་བོ་རྒྱུ་རྐྱེན་གཞི་མཐུན་ནི་ཁ་ཟས་མ་ཞུ་བ་དང་། གནས་སྐབས་སུ་འཁྲུ་བ་དང་། ཕོ་བའི་མེ་དྲོད་ཉམས་པ་དང་། རྒྱུ་མ་དང་ལོང་སོགས་སུ་གྲང་བ་སྐྱེས་བ་དང་། མཁྲིས་པ་སྣོད་དུ་ལྷུང་བ་དང་། མཆིན་ཚད་ཐུར་དུ་བབས་པ་རྣམས་སོ། །

        དབྱེ་བ།

        འཁྲུ་ནད་ལ་དབྱེ་བ་རླུང་ལས་གྱུར་བ་དང་། མཁྲིས་པ་ལས་གྱུར་བ་དང་། བད་ཀན་ལས་གྱུར་བ་དང་། འདུས་པ་ལས་གྱུར་བ་དང་བཞི་ཡོད་དོ། །

        རྟགས།

        དེ་རྣམས་ངོས་འཛིན་པའི་རྟགས་ནི་མ་ཞུ་བ་ནི་དོན་མེད་ལ་ཁོང་བ་འགྱིངས་བ་ལྟར་བྱས་རྗེས་འཁྲུ་བ་དང་། མེ་དྲོད་ཉམས་པ་ནི་ཁ་ཟས་གང་ཟོས་བ་དེ་མ་སྨིན་པར་རྒྱུན་དུ་འབྱུང་བ་དང་། རྒྱུ་མ་དང་ལོང་ལ་གྲང་བ་ཞུགས་ན་ཁོང་བ་འུར་འཁྲོག་བྱེད་ཅིང་གྲང་བའི་ཚེ་ན་ལྡང་བའོ། ། མཁྲིས་པ་སྣོད་དུ་ལྷུང་བས་འཁྲུ་བ་ནི་འཁྲུ་མདོག་སེར་བ་ཚ་བ་དང་བཅས་འཁྲུ་བ་དང་། ། མཆིན་ཚད་བབས་པས་འཁྲུ་བ་ནི་འཁྲུ་མདོག་དམར་སྨུག་དང་དུད་ཁུ་ལྟ་བུ་འཁྲུ་བ་དང་། རླུང་ལས་གྱུར་བ་ནི་སྦོ་འཁྲོག་བྱེད་ཅིང་འཁྲུ་དུས་སུ་ཝུ་བ་ཅན་སྒྲ་བཅས་འཁྲུ་བ་དང་། མཁྲིས་པ་ལས་གྱུར་བ་མདོག་དམར་སེར་དྲི་མ་མནམ་ཞིང་ཚོར་མེད་ཅེས་མི་ཤེས་པར་འཁྲུ་བ་དང་། བད་ཀན་ལས་གྱུར་བ་ནི་བེ་སྣབས་ཅན་འཁྲུ་བ་དང་། ལྟོ་བ་ལྕི་ཞིང་སྒྲེག་པ་མང་བའོ། ། འདུས་པ་ལས་གྱུར་བ་ནི་རྟགས་ཀུན་དང་ལྡན་པར་འཁྲུ་བའོ། །

        བཅོས་ཐབས།

        མ་ཞུ་བས་འཁྲུ་བ་དང་མེ་དྲོད་ཉམས་པ་གཉིས་ལ། ཟས་སྐོམ་སྨྱུང་བ་བྱ་ཞིང་ཡོས་ཐུག་ཤ་གསར་བཅས་ལ་བཅའ་སྒ་སོགས་སྤོད་བྲན་པ་ཉུང་ངུ་ཡང་ཡང་བསྟེན་པ་དང་། ཆུ་བསྐོལ་དང་ཆང་འཇམ་པོ་བསྟེན། སེ་འབྲུ་བཞི་བའི་སྟེང་གོ་ཐལ་བསྣན་པ་དང་། ད་ལིས་བདུན་པ་དང་། རྒོད་མ་ཁ་ཕྱེ་དང་། ཚྭ་སྣའི་རིལ་བུ་དང་། འཁྲུ་གཅོད་སེ་འབྲུ་བརྒྱད་པ་དང་དགུ་བ་གཏོང་། ཟས་དང་སྤྱོད་ལམ་བསིལ་བ་སྤང་ཞིང་སྤུ་དུགས་བསྟེན། རྒྱུ་ལོང་གི་གྲང་འཁྲུ་ལ་ལོང་གསང་མདུན་ལྟེ་བ་ནས་གཡས་གཡོན་ཚོན་དོ་རེ་ས་གཉིས་དང་རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་བཅས་བསྲོ། ཙི་ཏྲ་ཀ་ལྔ་བ་དང་། ད་ཏྲིག་དགུ་བ་གཏོང་། ཚབས་ཆེན་རྒྱུ་ལོང་གི་གསང་སུ་མེ་བཙའ་དང་། ལྕམ་པ་བཏབ་པའི་ཐུག་པ་གཏོང་དགོས་སོ། ། མཁྲིས་པ་སྣོད་དུ་ལྷུང་ནས་འཁྲུ་བ་ལ། ཨིན་ཏྲ་བཞི་དང་། མཁྲིས་ཕྱེ་བདུན་པ་བཏང་ངོ་། ། མཆིན་ཚད་ཐུར་དུ་བབས་ནས་འཁྲུ་བ་ལ། དུག་ཉུང་བཞི་ཐང་དང་། གི་ཝང་དགུ་བ་དང་། གུར་ཀུམ་བདུན་པ་དང་། དུང་ཉུང་བཅོ་ལྔ་སོགས་གཏོང་དགོས། ཡང་ན་སྨུག་པོའི་སྐབས་ལྟར་བཅོས་བར་བྱའོ། ། རླུང་གིས་བསྐྱེད་ནས་འཁྲུ་བ་ལ་སྣུམ་དུགས་དང་འཇམ་རྩི་སླེ་འཇམ་བསྟེན། མན་རྒྱུད་ཀྱི་སེ་འབྲུ་བརྒྱད་པ་བཏང་ལ་ཞུམ་མར་བླུད། མཁྲིས་པ་ལས་གྱུར་བ་ལ། མན་རྒྱུད་སེ་འབྲུ་སུམ་ཐང་དང་། རྩ་མཁྲིས་བརྒྱད་པ། གླ་སྒང་དགུ་བ་འབྲས་བཀྲུས་ཁུ་བར་སྦྱར་བ་སོགས་གཏོང་། བད་ཀན་ལས་གྱུར་བ་ལ། མན་རྒྱུད་བཅའ་སྒ་དགུ་བ་དང་། ད་ཏྲིག་བདུན་པ་དང་། དགུ་བ་སོགས་བསྟེན། འདུས་པ་ལས་གྱུར་བ་ལ། ཉེས་བ་གང་ཤས་ཆེ་བའི་གཉེན་པོ་བསྐྱེད་པ་སོགས་རིགས་པའི་འཕྲུལ་ཤེས་དགོས་སོ། ། བསིལ་ལ་ཡང་བའི་ཁ་ཟས་ཉུང་ཙམ་རེ་བསྟེན་པ་དང་། སྤྱོད་ལམ་བསིལ་བ་སྤང་ནས་དྲོ་བའི་གནས་སུ་སྤུ་དུགས་སོགས་བསྟེན་པར་བྱའོ། །