ཆུ་བྱ་མཆུ་ལེབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཆུ་བྱ་མཆུ་ལེབ་ནི་ཁྲུང་ཁྲུང་ཚན་པའི་ཁྲོད་ལས་ཆུ་བྱ་རིགས་ཀྱི་ཁོངས་སུ་གཏོགས་པ་དང་།   ལུས་པོའི་རིང་ཚད་ལ་ལི་སྨི་48ཙམ་ཡོད།   མཆུ་ཏོ་ཤིན་ཏུ་རིང་ཞིང་ཕྲ་ལ་མཇུག་སྣེ་ལྡེ་མིག་གི་དབྱིབས་ལྟ་བུར་མངོན།  ཕོ་བྱ་དང་མོ་བྱ་གཉིས་ཀའི་སྒྲོ་མདོག་ཅུང་མི་འདྲ་ཞིང་།    ཕོ་བྱའི་མགོ་ནས་སྐེ་བར་འོད་མདངས་ཅན་གྱི་ལྗང་ནག་མངོན་ཞིང་རྒྱབ་ནག་པོ་ཡིན།  རྒྱབ་ཀྱི་མཐའ་གཉིས་དང་ཕྱི་གཞོགས་ཀྱི་ཕྲག་སྒྲོ།   བྲང་གཞུང་བཅས་ལ་དཀར་མདོག་མངོན།  གཤོག་ཤེལ་ལྗང་ཁུ་དང་ལྟོ་བ་དང་མཆན་གཉིས་ལ་ལི་སེར་གྱི་མདངས་དང་ལྡན།  མོ་བྱ་ཡིན་ན་རྫ་སྨུག་ཁྲ་ཁྲ་དང་རྔ་འདབས་དཀར་པོ་མངོན།  ཆུ་བྱ་མཆུ་ལེབ་དེ་ཡོངས་ཁྱབ་ཏུ་གོ་ལའི་ཕྱེད་བྱང་མར་ཁྱབ་ཡོད།ཀྲུང་གོ་རུ་གཙོ་བོ་ནི་ཤིན་ཅང་གི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཧེ་ལུང་ཅང་ཞིང་ཆེན་དང་ཅི་ལིན་ཞིང་ཆེན་བཅས་སུ་སྐྱེ་འཕེལ་བྱེད་ཀྱི་ཡོད།     དགུན་དུས་བོད་ལྗོངས་ཀྱི་ལྷོ་རྒྱུད་དང་། ཡུན་ནན། ཀུའེ་ཀྲོའུ།  སི་ཁྲོན།  འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད།  ཤར་ལྷོའི་མཚོ་རྒྱུད་ཀྱི་ཞིང་ཆེན་ཁག་དང་དེ་བཞིན་ཐའེ་ཝན་ཞིང་ཆེན་བཅས་སུ་དགུན་གཡོལ་གྱི་ཡོད།   ཆུ་བྱ་མཆུ་རིང་ནི་རྒྱ་ཆེ་བའི་ས་ཁུལ་གྱི་ཆུ་བོ་དང་།  མཚེའུ། རྫིང་བུ།  འདམ་རྫབ་སོགས་ཀྱི་ཆུ་ཁོངས་ཁོར་ཡུག་ཏུ་འཚོ་ཞིང་།    རི་ཁུལ་གྱི་ཆུ་བོ་དང་།  ས་མཐོའི་མཚེའུ།   ཆུ་འཁྱིལ།  རྒྱ་མཚོའི་འགྲམ་གྱི་འདམ་རྫབ། ཆུ་མདོའི་ས་ཁུལ་བཅས་སུ་འཚོ་སྡོད་བྱེད་པ་མ་ཟད།   གྲོང་ཚོ་དང་གྲོང་རྡལ་གྱི་ཉེ་འགྲམ་དུ་བཙོག་ཆུའི་རྫིང་བུ་དང་ཆུ་ཞིང་སོགས་སུ་ཡང་མཐོང་རྒྱུ་ཡོད།    རྒྱུན་པར་ཆ་མཉམ་དང་ཡང་ན་གྲངས་འབོར་3ནས་5བར་གྱི་ཁྱུ་ཆུང་བྱས་ནས་འགུལ་སྐྱོད་བྱེད་ཅིང་ཁེར་རྐྱང་དུ་འགུལ་སྐྱོད་བྱེད་པ་མཐོང་རྒྱུ་ཡོད།   ཆུ་བྱ་མཆུ་ལེབ་ཀྱིས་གཙོ་བོ་དུང་གི་རིགས་དང་།ལུས་མཉེན་སྲོག་ཆགས།  རུས་སྐོགས་ཅན་གྱི་རིགས།ཆུ་སྐྱེས་འབུ་སྲིན་རིགས། ཉ་རིགས། སྦལ་བ་སོགས་སྲོག་ཆགས་རང་བཞིན་གྱི་ཟས་རིགས་བསྟེན་པ་དང་།ཆུ་སྔོ་དང་རྩྭ་འབྲུ་སོགས་རྩི་ཤིང་རང་བཞིན་གྱི་ཟས་རིགས་ཀྱང་ཟ་བཞིན་ཡོད། ལྟོ་འཚོལ་སྟངས་ནི་གཙོ་བོ་ཆུ་འགྲམ་གྱི་ཆུ་གཏིང་ཐུང་སའམ་ཡང་ན་འདམ་རྫབ་སྟེང་ནས་མཆུ་ཏོས་ས་བརྐོས་ཏེ་ཟ་གི་ཡོད།

    སེམས་ཀྱི་ཉི་ཟླའི་ཁུལ་དུ་ཆུ་བྱ་མཆུ་ལེབ་ནི་ས་མཐོའི་འདམ་རའི་ནང་དགུན་དུས་སུ་མཐོང་རྒྱུ་ཡོད།