ཆུ་བྱ་མགོ་ལྗང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའིབོད་ཡིག་དྲ་བ།

       ཆུ་བྱ་མགོ་ལྗང་ནི་ཁྲུང་ཁྲུང་ཚན་པའི་ཁྲོད་ལས་ཆུ་བྱ་རིགས་ཀྱི་ཁོངས་སུ་གཏོགས་པ་དང་།  ལུས་པོའི་རིང་ཚད་ལ་ལི་སྨི་60ཙམ་ཡོད།  ཆུ་བྱ་མགོ་ལྗང་ནི་ཆུ་བྱའི་རིགས་ཀྱི་མེས་པོ་ཡིན།    ཕོ་བྱའི་མགོ་དང་སྐེ་ནི་ལྗང་ནག་མངོན་ཞིང་འོད་ཀྱི་མདངས་དང་ལྡན།   སྐེ་ཡི་ཨ་ལོང་དཀར་པོས་མགོ་དང་ཁམ་བུའི་བྲང་གཉིས་སོ་སོར་བཀར་ཡོད།  མོ་བྱ་ཡིན་ན་མདོག་ནག་པའི་མིག་རིས་བཀྲ་ཞིང་སྒྲོ་ཡི་མདོག་ནི་ཕལ་ཆེ་བ་སྨུག་པོ་ཡིན།  

     ཆུ་བྱ་མགོ་ལྗང་ནི་འཛམ་གླིང་ཡོངས་སུ་ཁྱབ་ཡོད་པ་དང་།ཀྲུང་གོའི་ནུབ་བྱང་དང་བྱང་ཤར་དུ་འཚོ་གནས་དང་རྒྱུད་སྤེལ་གྱི་ཡོད་ལ།    སྟོན་ཀ་དང་དགུན་དུས་སུ་ལྷོ་ཕྱོགས་སུ་དགུན་སྐྱེལ་བར་འགྲོ་གི་ཡོད།   ཆུ་བྱ་མགོ་ལྗང་ནི་གཙོ་བོ་ཆུ་སྐྱེས་རྩི་ཤིང་ཕུན་སུམ་ཚོགས་པའི་མཚེའུ་དང་།  ཆུ་བོ། རྫིང་བུ།  འདམ་རྫབ་སོགས་ཀྱི་ཆུ་ཁོངས་སུ་འཚོ་སྡོད་བྱེད་ཀྱི་ཡོད།   དགུན་དུས་དང་གནས་སྤོའི་དུས་སུའང་རྒྱ་ཆེ་བའི་མཚེའུ་དང་།  ཆུ་མཛོད། གཙང་པོ།  བྱེ་གླིང་།  མཚོ་འགྲམ་གྱི་འདམ་རྫབ་དང་རྩྭ་ཐང་བཅས་སུ་ཐོན་གྱི་ཡོད།  ཆུ་བྱ་མགོ་ལྗང་གིས་གཙོ་བོ་རི་སྐྱེས་རྩི་ཤིང་གི་ལོ་མ་དང་།  མྱུ་གུ། སྡོང་པོ།  ཆུ་རྩྭ།  ས་བོན་སོགས་རྩི་ཤིང་རང་བཞིན་གྱི་ཟས་རིགས་ཟ་བ་རེད།   དེར་མ་ཟད་མཉེན་གཟུགས་སྲོག་ཆགས་དང་།  རུས་སྐོགས་ཅན་གྱི་རིགས།   ཆུ་སྐྱེས་འབུ་སྲིན་སོགས་སྲོག་ཆགས་རང་བཞིན་གྱི་ཟས་རིགས་ཀྱང་ཟ་བཞིན་ཡོད།

     སེམས་ཀྱི་ཉི་ཟླའི་ཁུལ་དུ་ཆུ་བྱ་མགོ་ལྗང་ནི་ས་མཐོའི་འདམ་རའི་ནང་རྒྱུན་དུ་མཐོང་རྒྱུ་ཡོད།